67964
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཟུར་ཕུག་པའི་སློབ་མ་འབའ་ར་བ་རྒྱལ་མཚན་དཔལ་བཟང་མཆོག་ནི། གཙང་གཡས་རུ་ཤངས་ཀྱི་ཆབ་ལི་གྲོང་དུ་ཡབ་དཔོན་ཉེ་གནས་ཀུན་དགའ་འབུམ་དང་། ཡུམ་བསོད་ནམས་འབུམ་གྱི་སྲས་སུ། རབ་བྱུང་ལྔ་པའི་ལྕགས་ཁྱི་ ༡༣༡༠ ལོར་བལྟམས། བྱིས་པའི་དུས་ནས་བྱམས་དང་སྙིང་རྗེ་ཆེན་པོ་མངའ། བཅོ་ལྔ་ལ་བོ་དོང་དུ། བླ་མ་དཔལ་ལྡན་སེང་གེ་པས་མཁན་པོ་མཛད། བླ་མ་བཟང་པོ་པས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། མཚན་རྒྱལ་མཚན་དཔལ་བཟང་པོར་གསོལ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་དགའ་སྤྲོའི་བློ་མི་སྐྱེ་བར། བླ་མ་བྱང་ཆུབ་བཟང་པོའི་དྲུང་དུ་བྲོས་ནས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞུས་ཏེ་བསྒོམས་པས། དགེ་སྦྱོར་སྐྱེ་ཚུལ་ལ་བླ་མ་མཉེས། བླ་མ་རིན་ཆེན་དཔལ་བཟང་དྲུང་དུ་བསྙེན་པར་རྫོགས། བདེ་མཆོག་རིམ་ལྔའི་ཁྲིད་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྣམས་ཞུས། སྐུ་མཚམས་དམ་པོ་བཅད་ནས་བསྒོམས་པས། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་ལ་འཁྲུངས་ཤིང་། གདམས་ངག་གི་མཐའ་ཆོད་པར་མཛད། ཟུར་ཕུག་པའི་སྙན་པ་གསན་པས་བ་སྤུ་གཡོ་བའི་མོས་གུས་ཚད་མེད་པས་ཉེར་གཅིག་ལ་ལ་སྟོད་ཤྲཱིར་འབད་པ་ཆེན་པོས་བྱོན། རི་ཆོས་གསུང་བ་དང་ཁེལ་བས། རྟེན་འབྲེལ་འགྲིགས་གསུངས་ནས། རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོར་གསུམ་དང་། ཕྱག་ཆེན་དང་། ནཱ་རོའི་ཆོས་དྲུག་གི་ཁྲིད་གེགས་སེལ། མན་ངག ཞལ་གདམས་དང་བཅས་པ་ཐམས་ཅད་ཟླ་བ་བདུན་གྱི་རིང་ལ་གནང་། ཆོས་དྲི་གཏུགས་ལ་བླ་མ་ཤིན་ཏུ་མཉེས། སྲས་ཀྱི་དམ་པར་མཛད་ནས། སྔར་གཞན་ལ་མ་གནང་བའི་གདམས་ངག་ཟབ་ལ་མང་བ་བསྩལ། རང་བྱུང་རྡོ་རྗེ། བུ་སྟོན། ཀུན་མཁྱེན་དོལ་པོ་བ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མ་བསྟེན། བཀའ་དྲིན་ཆེ་བ་ནི་ཟུར་ཕུག་པ་ཁོ་ན་ལ་མཛད། ལོ་ཉི་ཤུ་ཙམ་དབུ་སྔས་ལ་མ་བཞག་པར། སྒོམ་སྒྲུབ་དོས་དྲག་ལ་སྙུགས་རིང་བ་མཛད་པས། ཉམས་རྟོགས་མཐར་ཕྱིན་ཅིང་། ཞལ་གཟིགས། མངོན་མཁྱེན། བསམ་གྱིས་མི་ཁྱབ་པ་མངའ། དབུས་གཙང་དང་ལྷོ་མོན་སོགས་རི་ཁྲོད་ཕྱོགས་མེད་དུ་བྱོན་བཞུགས་མཛད། ཤངས་འབའ་རའི་བྲག་ཏུ་དོན་གྲུབ་སྡིངས་ཞེས་བྱ་བའི་རི་ཁྲོད་ཕྱག་བཏབ་ཏེ་བཞུགས་པས་མཚན་ཡང་འབའ་ར་བ་ཞེས་གྲགས། ཐར་གྲུ་སྐོར་གསུམ་སྟེ། བསྟན་བཅོས་པོད་ཆེན་བཅུ་གྲངས་ལོངས་པ་བཞུགས། ཀུན་མཁྱེན་པདྨ་དཀར་པོས། སྟོད་འབྲུག་གི་མ་རྐང་འབའ་ར་བ་ལ་ཐུག་ཅེས་བསྔགས་བརྗོད་མཛད། མཐར་ལྷོ་སྤ་གྲོ་འབྲང་རྒྱས་སྟེང་དུ། གྱ་གསུམ་པ་ལྕགས་ལུག་ ༡༣༩༡ ལོའི་ཆོ་འཕྲུལ་ཆེན་པོ་རྟའི་ཟླ་བའི་ཚེས་བཞི་ལ། རི་ཆོས་ཀྱི་བར་དོའི་སྐབས་སུ་ཆོས་མཚམས་ཞོག་གསུངས་ནས། སྙུན་ཟུག་མེད་པར་ཚེས་བཅོ་ལྔའི་ཐོ་རངས་སུ། ལྷའི་རོལ་མོའི་སྒྲ་སྙན་པོ་ཀུན་གྱི་ཐོས་པ་སོགས། ངོ་མཚར་བའི་རྟགས་དང་བཅས་ཞི་བར་གཤེགས་སོ། །སློབ་མ་ཡང་སྟོད་ན་གྲགས་ཆེ་བ་ཤཱཀྱ་དཔལ་བཟང་། སྨད་ན་གྲགས་ཆེ་བ་ཆོས་རྗེ་ནམ་ལེགས་པ། དབུས་གཙང་ན་གྲགས་ཆེ་བ་ཐུགས་སྲས་ནམ་མཁའ་སེང་གེ་སོགས། སློབ་བརྒྱུད་ཀྱིས་བོད་ཡུལ་ཀུན་བཀང་། གདན་ས་ནི་གཙོ་བོ་དབོན་རྒྱུད་ཀྱིས་བཟུང་བའོ། ། |