67965
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་དབར་དུ། ཡབ་རྟོགས་ལྡན་ཞིག་གིས། ཡུམ་ཨ་ནེ་སྨོན་ལམ་ཞེས་པ་ལ་བསམ་བཞིན་སྲས་བསྐྲུན་པའི་ཆོ་ག་མཛད་ནས་རབ་བྱུང་བཅུ་བའི་ནང་ཙམ་ལ་སྐུ་འཁྲུངས། སྐུ་ཚད་ལོན་ནས་ཕ་རྒོད་བསོད་ནམས་བཟང་པོའི་སྐུ་རྒྱུད་ཀརྨ་གནས་མཆོག་ལ་རབ་ཏུ་བྱུང་། མཚན་ཀརྨ་གསལ་བྱེད་དུ་བཏགས། ཕྱག་ཆེན་ཆོས་དྲུག་སོགས་ཀྱི་ཉམས་ཁྲིད་བསྐྱངས། འབར་ཆོས་ལ་ཐོས་བསམ་སྒོམ་གསུམ་མཛད་དེ། གོ་མྱོང་རྟོགས་པའི་ཡོན་ཏན་བཟང་པོ་འཁྲུངས། དེ་ནས་རྫས་ཅི་ཡོད་ཚོགས་ཀྱི་ཡོ་བྱད་དུ་བསྒྱུར་ནས་སྒྲུབ་སྡེ་ལ་ཕུལ་ཅིང། ཞག་གསུམ་ལྡང་བའི་འཚོ་བ་མ་གཏོགས་སྤོང་དག་མཛད་པས། མཚན་བྱ་བཏང་ཀརྨ་གསལ་བྱེད་དུ་གྲགས། དཀའ་ཐུབ་ཀྱིས་ངེས་མེད་ཀྱི་རི་ཁྲོད་དུ་སྒྲུབ་པ་འབའ་ཞིག་མཛད། ཞྭ་དམར་ཅོད་པན་འཛིན་པ་འབའ་རར་ཕེབས་དུས། འབའ་ར་ནམ་མཁའ་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་པར་ངོས་འཛིན་དང་མངའ་གསོལ་མཛད། དེ་ནས་བྱ་བཏང་ནམ་མཁའ་རྒྱལ་པོ་གླང་ཕུག་ཏུ་བཞུགས་པའི་དྲུང་དུ་བྱོན་ཏེ། འཁོར་ལོ་སྡོམ་པའི་དབང་བསྐུར་བ་ནས་བཟུང་འབར་ལུགས་ཀྱི་དབང་ཁྲིད་ལུང། ཕྱག་ལེན་ཞལ་གདམས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན། རིན་པོ་ཆེ་སངས་རྒྱས་ཆོས་འཕེལ་གྱི་དྲུང་ནས། འབར་སྐོར་གྱི་ལུང་སོགས་སྔར་མ་གསན་པ་དུ་མ་ཞུས། ལྕགས་ཡང་རྩེའི་གདན་སར་ལོ་ཤས་བཞུགས་སྐབས་སུ། འབའ་རའི་གདན་ས་ལྕགས་ཟམ་པས་བཟུང་ནས་དགོན་པ་སྟོང་དུ་ཉེ་བར། གཙང་པ་རྒྱལ་པོས་རྒྱབ་སྐྱོར་ལ་བརྟེན་ནས། འབའ་རའི་གདན་སར་བསྐོ་བར་གནང། འདུ་ཁང་སོགས་ལ་ཞིག་གསོས་མཛད་ཅིང་། ལྷོ་བོད་ཀྱི་དགོན་པ་གྲྭ་རིགས་ཡོན་བདག་དང་བཅས་པ་རྣམས་བསྐྱངས། ལྷོ་ཡུལ་ཨུ་རྒྱན་སྒྲུབ་གནས་སྐྱིལ་ལྷར་སྐུ་མཚམས་ལ་བཞུགས་ཚེ། ཨུ་རྒྱན་པདྨ་དང་། ཚེ་དཔག་མེད། རྟ་མགྲིན། ཚེ་རིང་མ་བཅས་མངོན་སུམ་དུ་ཞལ་གཟིགས། ཚེ་རིང་མས། གཙང་ཕྱོོགས་སུ་ཕྲིན་ལས་འབྱུང་བར་ལུང་བསྟན་བསྩལ། དེ་ནས་གདན་ས་འབའ་རར་སྐུ་མཚམས་སྔ་རྗེས་སུ་ལོ་གསུམ་དང་ལོ་བདུན་ཙམ་བཞུགས། སྐུ་མཚམས་སྐབས་བསྙུངས་ནས་སྐུ་གཤེགས་ལ་ཐུག་པའི་ཚེ། ལྷ་སྨན་ཚེ་རིང་མས་ད་དུང་སྐུ་མཚམས་མུ་སྦྲེལ་ལ་གནང་གསུང་བའི་ལུང་བསྟན་ལྟར། སྐུ་མཚམས་མུ་མཐུད་པས་སྙུང་བ་ལས་དྭངས། དད་འདུས་རྣམས་ལ་ཕྱག་ཆེན་ཆོས་དྲུག་གི་ཁྲིད་དང། ཐར་གྲུའི་སྐོར་གྱི་དབང་ལུང་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། གྲུབ་པའི་རྟགས་ཀྱང་རྡོ་ལ་ཞབས་རྗེས་བྱུང་བ་ཤིན་ཏུ་མང། དེ་ནས་ཤངས་ནང་གི་ཡུལ་ཡར་མར་ཐམས་ཅད་དུ་ཕེབས་ནས་དབང་ཆོས་གང་དགོས་གནང་ཞིང། རབ་བྱུང་བཅུ་གཅིག་པའི་ས་ཁྱིི་ ༡༦༥༨ ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉིན་གཤེགས་སོ། ། སློབ་མ་ནི། ཐུགས་སྲས་དཀོན་མཆོག་རྒྱལ་མཚན། ཀརྨ་ཆོས་སྐྱོང། གདན་ས་པ་ནོར་བུ་རྒྱལ་མཚན། སྟག་ཚང་ནམ་མཁའ་དབང་ཕྱུག། དཔོན་སློབ་བདེ་ཆེན་ཆོས་འཛོམས། ཡང་རྩེ་བ་ནམ་མཁའ་ནོར་བུ་སོགས་དང། གྲུབ་ཐོབ་ཆེན་མོ་བ་རྟོགས་ལྡན་གར་ཞ་པ་ནམ་མཁའ་དཔལ་འབྱོར། ཆོས་འཕེལ་ལ་སོགས་རྟོགས་ལྡན་གྱི་སློབ་མ་མང་བར་བྱུང་ངོ་། ། |