67968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབའ་རེ་བཀྲ་ཤིས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ཕྱི་ལོ་ ༡༧༠༦ ལོར་མདོ་སྨད་དབལ་མང་གི་ནང་ཚན་འབའ་རེ་ཞེས་པའི་རུས་སུ་འཁྲུངས། གཞོན་དུས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། དབལ་མང་རབ་འབྱམས་པ་བློ་བཟང་དོན་གྲུབ་ལས་བསྡུས་གཞུང་དང་། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། འཛིན་གྲྭའི་སྐྱོར་དཔོན་དང་ཚོགས་ཆེན་ཞལ་ངོ་། རྒྱུད་པའི་བླ་མ་དབུ་མཛད་བཅས་ཀྱི་འགན་ཁུར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་ཁྲིར་བྱོན། ལོ་བདུན་རིང་བཞུགས། ལོ་རེར་འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་རྫོགས་པར་འགྲོ། བསྐྱེད་རིམ་གསུང་བཤད་དང། ཊིག་ཆེ་ཆུང་གི་ལེའུ་མཚམས་ཡན་ཆད་ལོ་གཉིས་རེ་ལ་རྫོགས་པར་མཛད། ཁྲི་རིན་པོ་ངག་དབང་བསྟན་འཛིན་དང་། ཁྲི་བ་བློ་བཟང་དོན་གྲུབ་གཉིས་ལས་འགྲེལ་བའི་བཤད་ལུང་ཁ་ཡང་གསན་པ་སོགས་རྒྱུད་པའི་གདན་རབས་རྣམསལས་འགྲེལ་བ་བཞི་སྦྲགས་འཆད་པ་ལ་ཕུལ་དུ་ཕྱིན། རྒྱུད་ཀྱི་ཁྲི་བ་མཛད་སྐབས་མཆོད་རྫས་གསར་བསྒྲིགས་དང་། རྒྱུད་ཊིཀ་ཆེན་མོ་དཔར་དུ་བཞེངས་པ་སོགས་གནང་། ཁྲི་ཟུར་རྗེས་ཐུགས་དམ་ཉམས་བཞེས་མཛད། དྲུག་ཅུ་པ་རབ་བྱུང་བཅུ་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༧༦༦ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་གཅིག་པ་ཡིན།