6807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་ཚིགས་འབྱུང་ཁུངས་ཀྱི་གླེང་གཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལྟར་ན་བྱིན་རླབས་འབྱུང་བའི་གླེང་གཞི་དང་དོན་གཅིག་ཡིན། ལུང་བསྟན་བརྒྱུད་པའི་བསྟན་པའམ་རྒྱུད་དེ་འབྱུང་བའི་རྒྱུའི་ངོ་བོ་ཚོགས་པའི་ཕྱིར་གཏན་ཚིགས་འབྱུང་ཁུངས་ཀྱི་གླེང་གཞི་ཞེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གྱི་དོན་དུ་བསྟན་པ་དམ་པ་གསང་སྔགས་ཀྱི་དངོས་པོ་འབྱུང་བའི་དགོས་ཆེད་ཀྱི་ཕྱིར་ན། རྒྱུ་ཡི་ངོ་བོ་སྐུ་བཞིས་གསང་བདག་ལ་བརྒྱུད་པས་སྔོན་བྱུང་བྱིན་གྱིས་བརླབས་ཀྱིས་འབྱུང་བའི་གླེང་གཞི་གང་ཡིན་པ་གཏན་ཚིགས་འབྱུང་ཁུངས་ཀྱི་གླེང་གཞི། ཞེས་པ་ལྟར་ད་ལྟའི་གདུལ་བྱ་ཡིད་ཆེས་པར་བྱ་ཕྱིར་གསང་བའི་བདག་པོས་སྔོན་དག་པའི་ཞིང་དུ་ཕུན་ཚོགས་དྲུག་གི་སྒོ་ནས་རྒྱུད་འདི་ཐོས་ཤིང་ཉིད་ཀྱིས་བསྡུ་བ་མཛད་པའི་སྐོར་གྱི་གླེང་གཞི་ལ་གོ་བར་མདོ་འགྲེལ་མུན་པའི་གོ་ཆ་ལས། དེ་ལ་རྒྱུའི་གླེང་གཞིའི་ངོ་བོ་ནི། སྟོན་པ་ཡང་རྒྱས་འབྲིང་བསྡུས་གསུམ་སྟེ། ཕྱོགས་བཅུའི་སངས་རྒྱས་དང༌སྐུ་བཞིའམ་ལྔ་དང༌ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པའོ། །གནས་ཀྱང་ཞིང་ཁམས་ཐ་དད་པ་དང༌སྐུ་བཞིའམ་ལྔའི་གནས་དང༌འོག་མིན་ཆེན་པོའི་གཞལ་ཡས་ཁང་ངོ༌། །འཁོར་ཡང་བཞིའམ་ལྔ་ལས་སྣང་བའི་བྱང་ཆུབ་སེམས་དཔའ་དང༌རིག་འཛིན་དང༌རྒྱལ་བ་ཐམས་ཅད་དོ། །གསུམ་ཀའི་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཉིད་དོ། །དུས་ནི་སྐུ་བཞི་ལས་ཐོས་པའི་དུས་དང༌བྱུང་ཚུལ་བཅུ་གཉིས་ཀྱིའང་ཚེའོ། །བསྟན་པ་ནི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཇི་བཞིན་པ་ཉིད་དོ། །དེའང་རྡོ་རྗེ་འཛིན་པས་ནི་ཡི་གེ་གསུམ་གྱི་དོན་དུ་བཀའ་བསྩལ་ཏོ། །ཞེས་པ་ལྟར་ལེའུ་དང་པོར་སྐུ་གསུམ་གྱི་གླེང་གཞི། སོ་གསུམ་པར་སྐུ་ལྔའི་གླེང་གཞི། ཞེ་བདུན་པར་སྐུ་བཞིའི་གླེང་གཞི། ང་ལྔ་པར་གསང་བའི་སྐུའི་གླེང་གཞི། ང་དྲུག་པར་ངོ་བོ་ཉིད་སྐུའི་གླེང་གཞི་དང་ལྔ་བསྟན།
Domain ཆོས་ལུགས།