68095
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་དུ་ལག་བསྟར་བྱས་པའི་རྩ་བའི་ཁྲིམས་ཡིག་གཉིས་པ་སྟེ་བྲེ་སྲང་སོགས་བཀའ་ལ་བཏགས་པའི་ཁྲིམས། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་བསྲན་སོགས། །བཀའ་ལ་བཏགས་པ་ཁྲིམས་ཡིག་གཉིས་པ་སྟེ། །འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས། །ཞེས་གསལ་བ་ལྟར་འབྲུ་མར་གསེར་དངུལ་སོགས་ཀྱི་གཞལ་བྱའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་བཟོས་པ་དེར་ཟེར་བ་ཡིན། དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ལམ་ནང་གསལ་བར་གཞིགས་ན། བཙན་པོ་སྟག་རི་གཉན་གཟིགས་ཀྱི་བློན་པོ་ཁྲི་ངོར་སྣང་བཙུན་ཞེས་པ་དེས་བོད་དུ་བྲེ་སྲང་གི་ཚད་གཞི་ཐོག་མར་བཟོས་པར་གྲགས་ཀྱང་སྐབས་དེར་ས་ཁུལ་དེ་རང་དུ་འདེགས་གཤོར་ཀྱི་བྲེ་སྲང་བཟོ་ཐུབ་པ་ཙམ་ལས་དེའི་ཚད་གཞི་བོད་ཡོངས་ལ་གཅིག་གྱུར་ཡོང་མི་སྲིད་པ་དེ་ནི་སྐབས་དེའི་སྲིད་དབང་ཁྱབ་ཁོངས་ལ་རག་ལུས་པ་ལོས་ཡིན། གང་ཡིན་ཞེ་ན། སྐབས་དེའི་བཙན་པོའི་དབང་རིས་ཀྱི་ཁྱབ་ཁོངས་ནི་སྲོང་བཙན་སྒམ་པོའི་སྐུ་དུས་ལྟར་བོད་ཡོངས་གཅིག་གྱུར་བྱུང་མེད་པ་ད་དུང་ས་ཁུལ་མང་པོ་བྲན་བདག་གམ། རྒྱལ་ཕྲན་གྱིས་བཅད་བཟུང་ཁུལ་དུ་གནས་ཤིང༌། སྲོང་བཙན་སྒམ་པོའི་སྐུ་དུས་གཞི་ནས་བོད་འདི་གཅིག་གྱུར་གྱི་རྒྱལ་ཁམས་སུ་གྱུར་པ་དེས་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར་ཡར་རྒྱས་འགྲོ་བའི་དགོས་མཁོ་དང་མཐུན་པའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་བཟོ་དགོས་པ་དེ་ཡང་གལ་ཆེའི་གནད་དོན་དུ་གྱུར། དེའི་ཐོག་ནས་སྲོང་བཙན་སྐུ་དུས་བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་དང་བརྗེ་ཚོང་གི་ཚད་གཞི་གོང་འཕེལ་ཆེ་ཙམ་བྱུང་བ་དང༌། དཔལ་འབྱོར་གྱི་སྟོབས་ཤུགས་ཀྱང་གང་འཚམས་ལྡན་ཡོད་པ་མཚོན་གྱི་ཡོད། |
| Domain | ཁྲིམས་ལུགས། |