68113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུམ་སྡེ་ས་ཡ་དམ་ཚིག་མཆོང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་ལ། སྤྱི་སྤུངས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་བོན་ཏེ། དེ་ཡང་ཕྱི་ནང་གསང་བའི་བསྲུང་བྱ་ལས་མི་འདའ་བའི་སྔགས་ཀྱི་རྩ་བ་དབང་གི་དམ་ཚིག་གི་སྐོར་ལགས་སོ། །དེ་ལ་ཡང་ཕྱི་ནང་གསང་བའི་དམ་ཚིག་ནི། ཕྱི་འདུལ་བའི་དམ་ཚིག ནང་གསང་སྔགས་ཨ་དཀར་གྱི་དམ་ཚིག་ས་མ་ཡ་འབུམ་སྡེ། གསང་བ་འགུ་ཡ་གཏིང་རྫོགས་དབང་གི་དམ་ཚིག་དེ་དག་བཤད་དོ། །དེ་ལ་ཡང་། ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། འབུམ་སྡེ་ས་ཡ་དམ་ཚིག་འཕྱོང་། དྲང་སྲོང་ཐེག་པའི་དོན་དང་སྦྱར། ཞེས་གསུངས་པའི་དོན་ཇི་ཡིན་ཞེ་ན། བོན་སྒོ་འདི་ཉིད་བཀའ་ལྷོ་ཡི་གཏེར་ལུགས་ཀྱི་འབྲས་ཐེག་གཉིས་པ་དྲང་སྲོང་ཐེག་པའི་བོན་སྒོ་དང་ལྟ་སྤྱོད་ཀྱི་ཁོག་གཞི་གཅིག་པའི་དོན་མ་ཡིན་པ། བླང་འདོར་གྱི་བསྲུང་བྱའི་དམ་ཚིག་བསྲུང་བའི་རྣམ་པ་ཙམ་ལ་མཐུན་པ་ཡོད་པའི་དོན་ཡིན་པར་མངོན་ནོ། །དེ་ལྟར་བསྟན་པ་ཡང་གདུལ་བྱ་དམན་པ་རྣམས་ཐེག་པ་གོང་མར་ཁ་བཀྲི་བའི་ཐབས་ཏེ་འཕན་ཡུལ་དྲང་སྲོང་བ་རྣམས་སྔགས་ཀྱི་དམ་ཚིག་ལ་བྲོད་པ་བསྐྱེད་ནས་སྔགས་ལམ་ལ་འཇུག་པའི་ཆེད་ཡང་ཡིན་ནོ། །དེ་ལྟར་ཤེས་བྱེད་ཀྱི་རྒྱུ་མཚན་ནི། གཟི་བརྗིད་ཨ་དཀར་གྱི་ཐེག་པའི་མདོ་ལས། རྩ་བ་ཡན་ལག་ཉིང་ལག་དང་། ལོ་འདབ་འབུམ་ཁྲི་འབུམ་སྟོང་སྟེ། དམ་ཚིག་རྣམ་དག་ས་མ་ཡ། མི་འཆལ་རྟག་ཏུ་ཐུབ་པར་བསྲུང་། གསང་དང་སྤྱད་དང་བསྒྱུར་བ་དང་། མི་འདའ་བ་དང་སྤང་བ་ཡི། དམ་ཚིག་གཞུང་བཞིན་བསྲུང་བ་ན། དོན་དང་ཡོན་ཏན་བསམ་མཐའ་ཡས། བླ་མེད་ཐེག་པའི་གོ་འཕང་ཐོབ། བྱང་ཆུབ་སེམས་ཀྱི་དོན་དམ་མཐོང་། ཨ་དཀར་ཐེག་རིམ་རྫོགས་པར་འགྱུར། དམ་ཚིག་རྣམ་དག་འཕྱོང་དུ་ཤེས། ཞེས་པས་ངེས་སོ། །
Domain ཆོས་ལུགས།