682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་ཆོས་དབྱིངས་རང་གྲོལ་ (1)
Part of speech མིང་ཚིག
Definition ཁོང་ནི་བླ་ཁྱབ་དགོན་པའི་ངག་དབང་འཕྲིན་ལས་ཀྱི་སྐུ་ཕྲེང་གསུམ་པ་ཡིན། སི་ཏུ་པདྨ་ཉིན་བྱེད་དབང་པོ་སོགས་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་ཚུལ་ཕལ་མོ་ཆེར་གསན་བསམ་མཛད། གཏེར་ཆེན་མཆོག་གྱུར་གླིང་པས་ཁོང་ལ་རྩ་བའི་ཆོས་བདག་བཅུ་ཡོད་པའི་ནང་ཡ་གྱལ་ལ་གཅིག་ཡིན་ཞེས་མངའ་གསོལ་ཞིང་། ཡེ་ཤེས་རོལ་པ་རྩལ་ཞེས་པའི་མཚན་གྱི་ཅོད་པན་གནང་ནས་མདོ་སྨད་དཔལ་སྤུངས་ཀྱི་སྒྲུབ་དཔོན་དགོས་ཞེས་བཀའ་ཕེབས་བཞིན་སྒྲུབ་སྡེར་བཞུགས་པ་སོགས་རིམ་གཉིས་ཀྱི་ཉམས་ལེན་ལ་རྡོ་རུས་གཏུགས་པས་ལམ་གྱི་དྲོད་རྟགས་མངོན་དུ་གྱུར། ཆོས་ཉིད་ཀྱི་བདེན་པ་གཟིགས། ཆོས་ཅན་དག་པའི་འཁོར་ལོ་འབའ་ཞིག་ཤར་བས་མཁས་གྲུབ་ཆེན་པོར་གྲགས། གསུང་གི་གསང་བ་འཛིན་པའི་ཞལ་སློབ་ཀྱང་མང་དུ་བྱུང་། དེ་ནས་གདན་ས་འདིར་ཞབས་དཀྱིལ་འཁོད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན། རྗེ་འདིའི་རིགས་དབོན་རྣལ་འབྱོར་པ་ཆེན་པོ་ཆོས་ཀྱི་དབང་པོ་པུཎྱཻ་ཛྙ་ན་འམ་བསོད་རྣམས་ཡེ་ཤེས་སྐུ་ཕྲེང་གསུམ་པ་ཚང་གསར་བླ་མ་ཨ་ཡུ་ཌྰེ་ཝ་འམ་ཚེ་ལྷ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བརྟེན་ཕུ་བོ་བླ་མ་ལས་ཀྱང་སྙན་བརྒྱུད་ཀྱི་ཟབ་ཆོས་མཐའ་དག་གསན། མདོ་རྒྱུད་རྒྱ་མཚོའི་སྙིང་ཁུ་ཐབས་གྲོལ་གདམ་པའི་ཕུ་ཐག་བཅད་ཤྲཱི་ཧེ་རུ་ཀ་ཙཀྲ་སམ་བྷ་རིས་གནས་མཆོག་རཱ་ཛ་རྫོང་དུ་སྙིང་པོའི་ཉམས་བཞེས་ལ་གནད་དུ་བསྣུན་པས་ས་ལམ་གྱི་རིམ་པ་མིག་འཕྲུལ་ལྟར་བགྲོད་ནས་གྲུབ་པའི་མཛད་སྤྱོད་ལ་མངའ་བརྙེས་ཞབས་སློབ་རྟོགས་ལྡན་མི་ཚེ་རི་སྐྱེལ་ནུས་པ་འགའ་ཙམ་བྱུང་། མཐར་ངོ་མཚར་བའི་རྣམ་པ་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།