68506

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲལ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཆོས་གོས་དང་བྲལ་བར་བྱེད་པ་ལས་སྤང་བའི་ལྟུང་བྱེད་བཅས་པའོ། །དགག་བྱ་ནི་བསྙེན་རྫོགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་ཉམས་པ་དང་། ཆོས་གོས་གསུམ་ཆུད་ཟོས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གང་ཡང་རུང་བ་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའི་ལྟུང་བ་དངོས་གཞིའོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་གིས་རང་ལ་བྱིན་གྱིས་བརླབས་པའི་ཆོས་གོས་རྣམ་གསུམ་ཡོད་བཞིན་དུ་མཚམས་གྱི་ཉེ་འཁོར་ལས་ཕྱི་རོལ་དུ་འགྲོ་བ་ན་ཆོས་གོས་རྣམ་གསུམ་གང་རུང་དང་། ཞག་གཅིག་ལྷག་པར་འབྲལ་བའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། མདོ་རྩར། བྱིན་གྱི་བརླབས་པ་དང་། གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ། །དེའི་གནས་ཉིད་ནི་ཉེ་འཁོར་དང་བཅས་པ་ནས་གཞན་ན་གནས་པ་ན་སྐྱ་རེངས་ཤར་ནའོ། །ཞེས་དང་། ཚིག་ལེ་ལས། ཆོས་གོས་གསུམ་གྱི་གནས་བྱ་སྟེ། །ཕྱི་རོལ་འདི་དག་མེད་པ་མིན། །གཞན་དུ་དགེ་སློང་ཉེས་བྱས་སོ། །དགེ་འདུན་གྱིས་གནང་མ་གཏོགས་སོ། །ཞེས་གསུངས་པའི་ཕྱིར། འདི་ནི་མཉན་ཡོད་དུ་དགེ་སློང་ཞིག་གིས་ཆོས་གོས་རྣམ་གསུམ་ཡོད་བཞིན་དུ་དེ་དང་བྲལ་ནས་ཕྱི་རོལ་དུ་རྒྱང་རིང་པོར་ཕྱིན་པ་ལ་བརྟེན་ནས་བཅས་སོ། །འདིར་ཉེས་བྱས་སུ་བཤད་ཀྱང་འབྲལ་བར་རྩོམ་པའི་སྦྱོར་བ་དེ་ཉེས་བྱས་ཡིན་པ་ལ་དགོངས་པ་ཡིན་གྱི། མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་ཤར་བ་ན་སྤང་ལྟུང་དུ་འགྱུར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།