68595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་ཡོངས་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཁྱད་ཆོས་གསུམ་དང་ལྡན་པའི་བྲལ་བའི་སོ་སོར་བཏགས་འགོག་དེ་སྤངས་པ་ཡོངས་ཤེས་ཀྱི་མཚན་ཉིད། ཁྱད་ཆོས་གསུམ་ནི། བྲལ་ཐོབ་ཟག་མེད་ཐོབ་པ། སྲིད་རྩེའི་སྤང་བྱའི་ཕྱོགས་གཅིག་ཉམས་པར་བྱས་པ། འདོད་པའི་སྤང་བྱ་རིས་དང་པོ་གཉིས་བཅོམ་པ་དང་གསུམ་ལ་འཇོག་གོ ། འདིར་དོགས་པ་འདི་འབྱུང་སྟེ། འདོད་པའི་སྡུག་ཀུན་མཐོང་སྤང་གཉིས་མ་སྤངས་ཀྱི་བར་དུ་སྤངས་པ་ཡོངས་ཤེས་མི་འབྱུང་ན། མཐོང་ལམ་སྡུག་བསྔལ་ཆོས་ཤེས་པའི་རྒྱུད་ལ་སྤངས་པ་ཡོངས་ཤེས་མེད་པར་འགྱུར་ཏེ། སྡུག་བསྔལ་ཆོས་ཤེས་ལ་གནས་པའི་ཚེ་ཀུན་འབྱུང་མཐོང་སྤང་མ་སྤངས་པའི་ཕྱིར། ཡང་འདོད་པའི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་དེ་སྲིད་རྩེའི་སྤང་བྱ་ཕྱོགས་གཅིག་སྤངས་པ་ཡང་མི་འགྲུབ་སྟེ། དེས་སྲིད་རྩེའི་སྤང་བྱ་ཆེན་པོའི་ཆེན་པོ་མ་སྤངས་པའི་ཕྱིར་སྙམ་དུ་སེམས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། མཐོང་སྤང་སྤངས་པའི་འབྲས་བུ་ནི་ཡོངས་ཤེས་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་ཤེས་ཟག་མེད་ཀྱི་ཤེས་པ་དང་། སྤངས་པའི་ཡོངས་ཤེས་ནི་སྤངས་པ་ཉིད་དེ། ཐོབ་བྱེད་ཀྱི་རྒྱུའི་དབང་གིས་ཡོངས་ཤེས་ཞེས་བཏགས་སོ། །ཅི་སྤངས་པ་ཐམས་ཅད་ཡོངས་ཤེས་གཅིག་ཁོ་ན་ཡིན་ནམ་ཞེ་ན། ཡོངས་སུ་ཤེས་པ་དགུར་ཕྱེ་སྟེ། འདོད་པ་ན་མཐོང་སྤང་དང་པོ་གཉིས་ཟད་པའི་ཡོངས་ཤེས་གཅིག་དང་། ས་དེར་འགོག་ལམ་མཐོང་སྤང་གཉིས་ཟད་པ་ནི་ཡོངས་ཤེས་དེ་རྣམ་པ་གཉིས་སུ་དབྱེའོ། །འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡིན་པ་དེ་བཞིན་དུ་ཁམས་གོང་མ་གཉིས་བསྡོམས་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་དེ་ཡང་གསུམ་ཉིད་ཡིན་ཏེ། གོང་མའི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་དང་། འགོག་ལམ་མཐོང་སྤང་སྤངས་པ་གཉིས་རེ་རེེར་ཕྱེ་བས་སོ། །སྒོམ་སྤང་སྤངས་པའི་ཡོངས་ཤེས་གང་ཞེ་ན། མཐོང་སྤང་སྤངས་པའི་ཡོངས་སུ་ཤེས་པ་དེ་ལས་གཞན་གསུམ་ནི་སྒོམ་སྤང་སྤངས་པའི་ཡོངས་ཤེས་ཏེ། ཐ་མའི་ཆ་དང་མཐུན་པ་སྤངས་པ་འདོད་པའི་སྒོམ་སྤང་ཟད་པ་དང་། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་དང་། ཟག་པ་ཀུན་ཟད་པ་སྟེ། གཟུགས་མེད་ཀྱི་སྒོམ་སྤང་ཟད་པའི་ཡོངས་ཤེས་དང་གསུམ་མོ། །འདིར་གོང་མ་གཉིས་ཀྱི་སྒོམ་སྤང་ཟད་པའི་ཡོངས་ཤེས་གཉིས་སུ་ཕྱེ་པ་ནི་སྒོམ་སྤང་གི་གཉེན་པོ་མི་འདྲ་བས་ཡིན་ལ། གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་བསྡོམས་པ་ནི་གཉེན་པོ་རྗེས་བཟོད་སོགས་སུ་འདྲ་བས་གཅིག་ཏུ་བྱས་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain ཆོས་ལུགས།