6865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏམ་པད་མའི་ཚལ་གྱི་ཟློས་གར་ (1)
Part of speech མིང་ཚིག
Definition ཕྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སྡེ་དགེའི་འདན་ཁོག་པདྨ་ཤེལ་ཕུག་ན་སྐུ་མཚམས་བཞུགས་སྐབས། འདན་གཟིམ་དཔོན་བུ་བཀྲ་ཤིས་དགེ་ལེགས་དང་། འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་ལོ་ཉེར་ལྔ་ལོན་པ་དེ་གཉིས་ཁྱིམ་ཐབ་བཟུང་ནས་ཅུང་མ་འགོར་པའི་སྐབས་དེར་འདན་ཁོག་ལ་སོགས་ཡུལ་སྤྱི་ལ་ཡམས་ནད་སྐེ་སྐྲང་བྱུང་སྟེ་མི་མང་པོ་ཞིག་འཆི་རྐྱེན་སོང་བའི་སྐབས་དེར་གཟིམ་དཔོན་བུ་བཀྲ་ཤིས་དགེ་ལེགས་ཀྱི་ཆུང་མ་འཇུ་མགོན་པོ་དར་རྒྱས་ཀྱི་བུ་མོ་རིམས་ནད་ཀྱིས་གྲོངས། གཟིམ་དཔོན་བུ་རྐྱེན་དེ་ལ་བརྟེན་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་། ཁོ་རང་གི་ལོ་རྒྱུས་དོན་རྐྱེན་རྣམས་རྩོམ་གཞིར་ཕུལ་ནས་འདུས་བྱས་མི་རྟག་པར་སྟོན་པའི་གདམས་ངག་ཅིག་འབྲི་བར་སྐུལ་བར་བརྟེན། དཔལ་སྤྲུལ་རིན་པོ་ཆེས་དོན་དེ་རྩོམ་གཞིར་བཟུང་ནས་བརྗོད་དོན་གཙོ་བོར་བློ་ལྡོག་རྣམ་བཞི་བྱས་པའི་སྒྲུང་རྩོམ་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་པ་འདི་བརྩམས་པ་རེད། རྩོམ་ཡིག་ནང་དུ་སྐབས་དེའི་གཟིམ་དཔོན་བུ་གསེར་སྦྲང་འདབ་ཡངས་དང་། འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་གཡུ་སྦྲང་ངག་སྙན། རྒྱས་པའི་པདྨ་ནི་འདན་ཆུ་རྡོ་ཚང་དང་། གཟིམ་དཔོན་ཚང་གཉིས། ལྷག་པར་ཁེངས་ཤིང་བཀོད་པའི་པདྨ་ནི་འདན་ཨ་སྡུག་ཚང་། ལྗོངས་ཀྱི་དྲང་སྲོང་དོན་ཀུན་གྲུབ་པ་ནི་འཇིགས་མེད་རྒྱལ་བའི་མྱུ་གུ བྲམ་ཟེར་ཁྱེའུ་པདྨ་པ་ནི་དཔལ་སྤྲུལ་རིན་པོ་ཆེ་རང་ཉིད། མཆིལ་པའི་ཚོགས་ནི་འདན་ཆོས་འཁོར་དགོན་གྱི་གྲྭ་ཚང་། ཕོ་རོག་ནག་ཆུང་ནི་རག་མདོ་བླ་མ། སྦལ་པ་ནི་རག་ཆབ་གཅོད་པ། སྦྲུལ་ནི་སྨན་པ་ཚེ་དཔག འཕྱི་བ་ནི་བླ་མ་ཆོས་དར། ཁུ་བྱུག་ནི་མོ་མ་བཀྲ་ཤིས། རྐྱང་ནི་སྨན་པ་ཕན་བདེ་རྒྱ་མཚོ། སྡོམ་ནག་ནི་གཏོ་བ་སངས་རྒྱས་སྐྱབས། འོལ་བ་ནི་འདན་ཤུགས་རིའི་གཅོད་པ་རྣམས་ཡིན། རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོར་བློ་ལྡོག་རྣམ་བཞི་དང་། རྗོད་ཚུལ་གོང་གསལ་གྱི་མི་སྣ་རྣམས་སེམས་ཅན་གཞན་དང་གཞན་གྱི་གཟུགས་སུ་བཀོད་ནས་བརྩམས་པའི་སྒྲུང་རྩོམ་ཞིག་ཡིན།