68685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ཕྱི་ནང་ཆོས་ཇི་སྙེད་པ་བདག་མེད་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་ཞིག ཐབས་ཤེས་ཁྱད་པར་ཅན་ཟུང་འབྲེལ་ཡིན་པའོ། །ས་མཚམས། བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་དོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ཀུན་མཁྱེན་གོ་རམས་པས། གཞུང་ནས་བསྟན་པའི་ཉེ་རིང་བཤད་གཞིར་བྱས་ནས་ཡུལ་གང་ལ་ཉེ་བ་ནི། སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ལ་ཉེ་བ་འཇོག་དགོས་ཏེ། འདིར་རྣམ་མཁྱེན་ཐོབ་བྱ་དང། ལམ་ཤེས་ཐོབ་བྱེད་དུ་བྱས་ནས་དེའི་ཡན་ལག་ཏུ་ཉེ་རིང་བརྩི་བའི་སྐབས་ཡིན་པའི་ཕྱིར། ཉམས་ལེན་གང་གིས་ཉེ་རིང་དུ་འཇོག་ན། སྐབས་གཉིས་པར་བསྟན་པའི་ལམ་ཤེས་དེ་ཉིད་ཉེ་རིང་དུ་འཇོག་དགོས་ཏེ། རྒྱུ་མཚན་སྔ་མ་དེའི་ཕྱིར་རོ། །འོན་ཀྱང་ཐ་སྙད་ནི་གཞི་ཤེས་ཀྱི་ཐ་སྙད་བརྗོད་དགོས་ཏེ། སྐབས་གཉིས་པའི་ལམ་ཤེས་དེ་ཉིད་འཁོར་འདས་བར་གསུམ་ལ་མི་གནས་པའི་ལྡོག་པ་ནས་འདིར་གཞི་ཤེས་སུ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །རྒྱུ་གང་གིས་ཉེ་བ་འཇོག་ན། རྗེས་ཐོབ་ཏུ་སྦྱིན་སོགས་ལ་སྤྱོད་པའི་ཚེ་མཚན་མར་མི་དམིགས་པའི་སྒོ་ནས་འཇོག་དགོས་ཏེ། མཚན་མར་མི་དམིགས་ན་རྗེས་ཐོབ་ཀྱི་ཉམས་ལེན་ཁྱད་པར་ཅན་དུ་འགྱུར་ཞིང་། མཚན་མར་དམིགས་ན་མཚན་འཛིན་གྱིས་བར་ཆོད་ཡིན་པས་རྗེས་ཐོབ་ཀྱི་ཉམས་ལེན་རྒྱུན་ཆད་པའི་སྐབས་ཡིན་པའི་ཕྱིར་རོ། །ཉེ་རིང་དུ་འཇོག་ནུས་པའི་རྒྱུ་མཚན་ནི། མཚན་མར་མི་དམིགས་པའི་བློ་ནི། རྒྱུད་བླར། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པ་ལྟར་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པའི་ཤེས་སྒྲིབ་ཡིན་པའི་ཕྱིར། མཚན་མར་མི་དམིགས་པའི་བློ་ནི་དེ་དང་འཛིན་སྟངས་དངོས་སུ་འགལ་བས་གཉེན་པོ་བྱང་སེམས་ཀྱི་རྟོགས་རིགས་ཡིན་པའི་ཕྱིར་རོ། །ཞེས་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་མཁས་ཀྱིས་ཟིན་པའི་བྱང་སེམས་ཀྱི་གཞི་ཤེས་དེ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། པཎ་ཆེན་ངག་ཆོས་ཀྱིས། རང་གི་རྗེས་ཐོབ་ཏུ་མཚན་འཛིན་མི་འབྱུང་བར་ངེས་པའི་བྱང་འཕགས་ཀྱི་མཉམ་བཞག་ཡེ་ཤེས་དང་མཚན་མར་མི་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་པའི་གནས་སྐབས་ཀྱི་བྱང་འཕགས་རྗེས་ཐོབ་པའི་རྒྱུད་ཀྱི་མཁྱེན་པ་གང་རུང་གི་བསྡུས་པའི་གཞི་ཤེས་དེ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། ས་མཚམས་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ས་དང་པོའི་མཉམ་རྗེས་ནས་བཅུ་བའི་མཉམ་རྗེས་ཀྱི་བར་ན་ཡོད་དོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།
འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ (2)
Part of speech མིང་ཚིག
Definition རང་རྒྱུད་པ། འབྲས་བུ་རྫོགས་བྱང་ཐོབ་པ་ལ་ཉེ་ཞིང་གཞིའི་གནས་ལུགས་རྟོགས་པའི་བྱང་སེམས་ཀྱི་མཁྱེན་པ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། གཞི་ཤེས་གང་ཞིག་ཐབས་ཁྱད་པར་ཅན་གྱིས་ཟིན་པ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་ཐེག་ཆེན་གྱི་ལམ་ལྔ་ཡོད། ས་མཚམས་སྙིང་རྗེ་ཆེན་པོ་སྐྱེས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཅེས་གསུངས།
འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ (3)
Part of speech མིང་ཚིག
Definition འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད་ནི། འབྲས་ཡུམ་སྒྲུབ་པའི་ཐབས་མཁས་ཁྱད་པར་ཅན་གྱིས་དངོས་སུ་ཟིན་པའི་གཞི་ཤེས་སུ་དམིགས་པ། དེ་དང་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དོན་གཅིག་གོ །