68696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས་ཀྱི་གོ་བྱ་དང་གོ་བྱེད་གཉིས་ཀ་ལ་རྩོད་པའི་ལན་ (1)
Part of speech མིང་ཚིག
Definition དུ་བ་ཆོས་ཅན། འབྲས་བུ་ཡིན་ཏེ། ཕན་གདག་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཕན་གདག་བྱ་དེ། དུ་བ་འབྲས་བུར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དུ་བ་ཕན་འདགས་བྱ་ཡིན་པར་རྟོགས་པ་མེད་པའི་ཕྱིར་ཏེ། དུ་བ་ཡོད་མེད་གང་ཡིན་ཀྱང་ཕན་གདག་བྱ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། དུ་བ་ཚད་མའི་མ་དམིགས་པ་ལ་ཕན་གདག་བྱ་མ་ཡིན་དགོས་པ་ཁྱོད་ཀྱིས་ཀྱང་འདོད་པའི་ཕྱིར། དུ་བ་ཡོད་ཀྱང་ཕན་གདག་བྱ་མ་ཡིན་དགོས་པའི་ཕྱིར་ཏེ། དུ་བ་ཡོད་ན་ཕན་འདོགས་བྱེད་མེ་མེད་དགོས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། དེས་ན་ཁྱོད་ལ་རྒྱུ་འབྲས་ལ་རྟགས་ཡང་དག་མི་སྲིད་པར་མ་ཟད་བསྐྱེད་བྱ་སྐྱེད་བྱེད་མི་སྲིད་པ་དང་རྫས་ཐ་དད་མི་སྲིད་པ་དང་ཁས་བླངས་གི་བསལ་བ་བསྟན་མི་ནུས་པ་སོགས་ཉེས་པ་དུ་མར་འགྱུར་བས་ལྟག་ཆོད་འབའ་ཞིག་དུ་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། སྔར་གྱི་རྩོད་པ་བཞི་པའི་ལན་ནི། དུ་བ་ཆོས་ཅན། འབྲས་བུ་ཡིན་ཏེ། ཕན་གདག་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། ཕན་གདག་བྱ་དུ་བ་འབྲས་བུར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། དེར་ཐལ། དུ་བ་ཡོད་ནའང་། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས། དུ་བ་མེད་ནའང་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས་པའི་ཕྱིར། དང་པོ་སོང། དེར་ཐལ། དུ་བ་ཡོད་ན། དུ་བ་ཕན་འདགས་བྱ་མ་ཡིན་དགོས་པའི་ཕྱིར། མ་གྲུབ་ན་སོང། དེར་ཐལ། དུ་བ་ཡོད་ན། དུ་བ་མེའི་ཕན་གདག་བྱ་མ་ཡིན་དགོས་པའི་ཕྱིར། མ་གྲུབ་ན་སོང༑ དེར་ཐལ། དུ་བ་ཡོད་ན། མེ་མེད་དགོས་པའི་ཕྱིར། རྟགས་ཁས། ཡང་ཊཱིཀྐར། རྫས་ཐ་དད་མི་སྲིད་པ་དང་། ཁས་བླངས་ཀྱིས་བསལ་བ་བསྟན་མི་ནུས་པ་སོགས་ཉེས་པ་དུ་མར་འགྱུར་བས་ལྟག་ཆོད་འབའ་ཞིག་གོ ། ཞེས་གསུངས་པའི་དོན་ནི། དུ་བ་ཡོད་ན་དུ་བ་མེ་དང་རྫས་ཐ་དད་མ་ཡིན་དགོས་པར་ཐལ། དུ་བའི་དུས་སུ་ཡང་དུ་བ་མེ་དང་རྫས་ཐ་དད་མིན། མེའི་དུས་སུ་ཡང་དུ་བ་མེ་དང་རྫས་ཐ་དད་མ་ཡིན་པའི་ཕྱིར། མ་ཁྱབ་ན། མེ་གྲུབ་དུས་ན། དུ་བ་མ་སྐྱེས་ཤིང་། དུ་བ་སྐྱེས་དུས་མེ་འགག་ན། དུ་བ་ཡོད་ན། མེ་མེད་དགོས་པས། ཁྱབ་པ་ཡོད་པ་བུད། ཞེས་གསུངས་པའི་ཕྱིར།
Domain ཚད་མ།