68747
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོན་ཏན་དམ་ཆོས་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཕྱི་ལོ་༡༩༤༠ ལོར་ཟམ་ཚའི་འབྲོག་ཏུ་ཡབ་མགོན་པོ་སྐྱབས་དང་། ཡུམ་ཚེ་རིང་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་སྟེང་སྟག་ཚང་ལྷ་མོའི་དགོན་དུ་རབ་ཏུ་བྱུང་། དགུང་ལོ་བཅུ་བདུན་ཐོག་དཀར་མཛེས། ཆབ་མདོ་སོགས་བརྒྱུད་ཡུལ་དབུས་སུ་འབྱོར། གཞུང་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་དང་། འཇུར་ཕྱེད་སྦྱིན་པ་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་བློ་རྟགས་སོགས་ལ་སྦྱངས། དགོང་ལོ་བཅུ་དགུ་བར་ལྷོ་ཁ་བརྒྱུད་རྒྱ་གར་ཤར་ཕྱོགས་སྦག་སར་འབྱོར་ནས་ཕྱི་ལོ་༡༩༦༩ བར་དེ་གའི་ཆོས་སྒར་དུ་ལོ་བཅུར་བཞུགས། ༡༩༦༩ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོར་སྤོས་པ་ནས་བཟུང་། ༡༩༧༦བར་གྲྭ་ཚང་གི་ཆེད་དུ་ལས་ཀར་ཞུགས་ཏེ། ཕྱག་དཔེ་གཟིགས་ལོང་མ་བྱུང་། ཞིང་ལས་དང་འདུ་ཁང་གསར་བསྐྲུན། རུང་ཁང་། གྲྭ་ཤག་གསར་རྒྱག་སོགས་ལ་སྐུ་ལས་བསྐྱོན། མ་རྨོས་ལོ་ཏོག་གི་ཕྱེ་ཡི་བག་ལེབ་རེ་དང་། ཇ་ཕོར་བ་གང་རེ་ཙམ་ལ་བསྟེན་པས་བཞེས་པའང་སྐྱོ། ཞིང་རྨོ་སྐབས་རྨོན་དོར་གྱི་ཚབ་བྱས་ཏེ་ཐོང་གཤོལ་ཐག་འཐེན་གནང་བ་སོགས་ཀྱི་ལོ་རྒྱུས་སྐྱོ་ཞིང་དུང་བ་མང་དུ་བསྐྲུན། ༡༩༧༧ ལོ་ནས་སླར་ཡང་དཔེ་གཟིགས་དང་དཔེ་ཁྲིད་གནང་འགོ་བརྩམས། ༡༩༨༡ ལོ་ནས་༡༩༨༧ བར་ལོ་བདུན་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་ཏེ་དགེ་བཤེས་ལྷ་རམས་ཐོན། ༢༠༠༩ ལོར་༸གོང་ས་རྒྱལ་བའི་དབང་པོ་མཆོག་གི་བཀའ་ཡིག་ཕྱག་རྟགས་དགོངས་དོན་ལྟར་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་པོའི་མཛད་འགན་བཞེས་ཤིང་། དེ་ཡང་རབ་གནས་ས་གླང་ལོའི་བོད་ཟླ་༦ པའི་ཚེས་༤ ཕྱི་ལོ་༢༠༠༩ ལོའི་ཟླ་༧ པའི་ཚེས་༢༥ཉིན་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངོན་པར་བྱོན། སྐབས་དེེར་གྲྭ་ཚང་སྤྱི་བ་དང་། གཞན་ཡང་ཁོང་གི་དགེ་ཕྲུག་དགེ་བཤེས་ཐོན་ཟིན་འབྲེལ་ཡོད་རྣམས་ཀྱིས་ཡུལ་གྲུ་ཁག་གང་ས་ནས་རྟེན་འབྲེལ་དང་མཛད་སྒོ་གནང་། ༢༠༠༩ ནས་༢༠༡༥བར་ལོ་ངོ་དྲུག་ཙམ་གྱི་རིང་ལ་ཆེན་པོ་ཧོར་གྱི་ཡུལ་ལ་འབྲེལ་བ་དམ་ཟབ་བགྱིས་ཏེ་དེ་ཕྱོགས་ཀྱི་གྲྭ་རྒྱུན་མང་དུ་བྱུང་བ་དང་། གྲྭ་ཚང་གི་འཆད་ཉན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་འཕེལ་རྒྱས་སུ་སོང་། ལྷག་དོན་དུ་དགེ་བཤེས་ཐོན་ཟིན་རྣམས་ཀྱིས་གྲྭ་ཚང་རང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་ལོ་གསུམ་གྱི་རིང་ངེས་པར་དུ་ཐོས་བསམ་གནང་དགོས་སོགས་བཀའ་བཀོད་ཐུགས་བཞེས་ཟབ་མོ་གནང་སྟེ། རྒྱུད་སྡེ་འོག་མ་དང་བསྐྱེད་རིམ་རྫོགས་རིམ་བཅས་ཀྱི་འཛིན་གྲྭ་གསུམ་གསར་དུ་བཙུགས་ནས་སྔགས་ཀྱི་འཆད་ཉན་དར་རྒྱས་དང་། གཞན་ཡང་སྔགས་ཕྱོགས་དང་མདོ་ཕྱོགས་གཉིས་ཀའི་དཀའ་གནད་ཐོག་མཁས་པའི་བགྲོ་གླེང་གཞི་རྒྱ་ཆེ་བ་ཞིག་ལོ་ལྟར་ཚོགས་པའི་སྲོལ་བཏོད་པ་སོགས་མཛད་རྗེས་དང་བཀའ་དྲིན་ཤིན་ཏུ་ཆེའོ། ། |
| Domain | ལོ་རྒྱུས། |