68755

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་བཞི་བ་ (1)
Part of speech མིང་ཚིག
Definition འཇུར་བྱེད་མཁན་ཆེན་འོད་ཟེར་རྡོ་རྗེ་མཆོག་ནི། སོག་པོ་ནང་སོག་ཁུལ་ཐུ་མེད་ཤོག་ཏུ་འཁྲུངས། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་རྣམས་མཐིལ་ཕྱིན་སྦྱངས་པས་མཁས་གྲགས་ཀྱིས་དབུས་གཙང་ཡོངས་ལ་ཁྱབ། པཎ་ཆེན་རིན་པོ་ཆེར་ཆོས་ཀྱི་བཀའ་མཆིད་དང་བཀྲས་ལྷུན་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་སྟེ་ཡུན་རིང་བཞུགས། རབ་བྱུང་༡༥ ས་ལུག་ཕྱི་ལོ་༡༩༡༩ ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ཁྲིར་ཕེབས་ནས་སྒྲིག་ལམ་ཀུན་སྤྱོད་དང། རྒྱུགས་བརྩི་བཞག་སོགས་སློབ་གཉེར་ལ་དམ་དྲག་ཆེ་བར་མཛད་པས་དགེ་བཤེས་ཐོན་ཆེ་བྱུང། ཁྲི་ལོ་དགུ་བཞུགས། དེ་རྗེས་འབྲས་སྤུངས་ཁྲི་པར་ཡང་བཞུགས། རྗེ་འདི་ཉིད་ཀྱིས་གཞན་རྒྱུད་མཁྱེན་པའི་དཔེ་མཚོན་ཙམ་ནི། མཚོ་ཁ་མི་ཚན་ཡིན་པ་ཨ་ལག་ཤ་སོག་པོ་ཚུལ་ཁྲིམས་ཞུ་བ་མཁས་གྲགས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་ལ་མིང་བཏགས་གནང་དུས། ཁྱེད་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་ཐད་འགྲན་ཟླ་དང་བྲལ་ཞིང་དེང་སྐབས་ཁྱེད་འདྲ་བ་གདན་སར་དཀོན་ཡང་། ལྷ་རམས་པའི་ལས་མི་འདུག་པས་གླིང་བསྲེའི་མཚན་བཏགས་བཞེས་ནས་དམ་བཅའ་བཞག་ན་དགའ་བ་འདུག་གསུངས་ནས་གླིང་བསྲེའི་མིང་བཏགས་གནང་བར་དགེ་བཤེས་དེ་གཏིང་ནས་མ་རངས་ཀྱང་དེ་དོན་ལྟར་གཏོང་སྒོ་དང་དམ་བཅའ་སོགས་བྱས། དེ་རྗེས་མཁན་པོ་དགེ་འདུན་བློ་བཟང་ཁྲིར་ཕེབས་པ་ན། སླར་ཡང་ལྷ་རམས་པའི་གཏོང་སྒོ་དང། དགུན་ཆོས་སྐབས་གྲྭ་ཚང་ཆོས་གྲྭར་དམ་བཅའ་སོགས་འཇོག་གནང་མཛད། དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོར། ཚེས་བཅུ་གསུམ་གྱི་སྔ་ཆར་དགེ་བཤེས་དེ་ཉིད་ཞོགས་ཚོགས་སུ་གདོང་གྲལ་དུ་བཤད་པ་ལ་ཕེབས་སྐབས་གློ་བུར་དུ་ནད་གཞི་ཕོག་སྟེ་འགྱེལ་ནས་སྐུ་ཚེ་མ་ཟིན་པས་དམ་བཅའ་འཇོག་རྒྱུ་མ་བྱུང། སྒོ་མང་པ་རྣམས་རྗེ་འདི་ཉིད་འཇམ་དབྱངས་དཀར་པོའི་རྣམ་འཕྲུལ་དུ་གྲགས།
Domain ལོ་རྒྱུས།