68769
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གུང་རུ་མཁན་ཟུར་བསྟན་པ་བསྟན་འཛིན་མཆོག་ནི། མདོ་སྟོད་ཚ་བ་དཔའ་ཤོད་རེ་མཚོ་ཕྱུག་མོའི་མཚོ་འགྲམ་ཆུ་ཡག་མ་ཞེས་པའི་གྲོང་ཚོ་རུ་ཡབ་འབུམ་ཐར་དང་། ཡུམ་དོན་འགྲུབ་སྒྲོལ་མ་གཉིས་ཀྱི་རིགས་སྲས་སུ་བོད་རབ་བྱུང་༡༥མེ་སྦྲུལ། ཕྱི་ལོ་༡༩༡༧ལོར་འཁྲུངས། དགུང་གྲངས་བཅུ་གཉིས་ཐོག་དཔའ་ཤོད་དགོན་དུ་སྒྲིག་ཞུགས་གནང་། གུང་རུ་བསྟན་པ་ཆོས་གྲགས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། ཁལ་ཁ་དགེ་བཤེས་ལྷ་རམས་པ་སྐལ་བཟང་ཆོས་གྲགས་ཀྱི་དྲུང་ནས་བསྡུས་ཚན་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་བདུན་དུས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཕུར་ལྕོག་བྱམས་མགོན་རིན་པོ་ཆེའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་དངོས་པོ་བསྒྲུབས། ཕྱི་ལོ་༡༩༥༩བོད་ས་ཕག་སྨོན་ལམ་ཆེན་པོའི་སྐབས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་མཉམ་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ༸གོང་ས་༸མཆོག་དང་། ཡོངས་འཛིན་རྣམ་གཉིས་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ཕྱི་ལོ་༡༩༦༨དགུང་ལོ་ང་གཉིས་ཐོག་སྦག་སར་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། ཕྱི་ལོ་༢༠༠༧ཕྱི་ཟླ་༥ཚེས་༡༧ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། ཕྱི་ལོ་༡༩༨༥ལོར་འབྲས་སྤུངས་མཁན་པོ་ཁྲི་པའི་མཛད་འགན་བསྐྱངས། བུ་སློབ་ཀྱང་དགེ་བཤེས་ལྷ་རམས་དམ་བཅའ་ཐོན་ཟིན་པ་དང་། སློབ་གཉེར་བྱེད་བཞིན་པ་མང་། གསུང་རྩོམ་ཡང་ལྕང་སྐྱའི་ལྟ་མགུར་ཨ་མ་ངོ་ཤེས་ཀྱི་བསྡུས་དོན་དང་། དེའི་རྣམ་བཤད་གྲུབ་བཞིའི་སྙིང་ནོར། སྒོ་མང་ཆོས་འབྱུང་སྟོད་སྨད་གཉིས་སོགས་པོད་ལྔ་བཞུགས། |
| Domain | ལོ་རྒྱུས། |