68847

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་ཀུན་དགའ་རིན་ཆེན་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཤིང་ལུག་ཕྱི་ལོ ༡༤༧༥ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དང་། ཡུམ་མགར་བཟའ་རིན་ཆེན་དཔལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། བྱིས་དུས་ཀྱི་མཚན་ལ་རིན་ཆེན་ལྷུན་པོ་ཞེས་ཞུ། བདུན་པར་སློབ་དཔོན་སྦྱིན་གྲགས་ལས་ཡི་གེའི་སྦྱོར་ཀློག་ལེགས་པར་བསླབས། བཅུ་གཅིག་པ་ཁུ་བོ་ཝང་རིན་ཆེན་ཆོས་རྒྱལ་ལས་བཀའ་བརྒྱུད་གོང་མའི་གདམས་ངག་མ་ལུས་གསན། བཅུ་བདུན་པར་མཁན་ཆེན་ཀུན་དགའ་བློ་གྲོས་དང་། སློབ་དཔོན་བློ་གྲོས་བསྟན་པ། དུས་སྒོ་བ་ལེགས་པ་རིན་ཆེན་སོགས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། མཚན་ལ་ཀུན་དགའ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། མཁན་སློབ་དེ་དག་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཉི་ཤུ་པར་རབ་བྱུང་གི་མཁན་སློབ་ལས་བསྙེན་པར་རྫོགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲིར་ཕེབས། ཆོས་སྲིད་གཉིས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། གཙུག་ལག་ཁང་དང་རྟེན་གསུམ་བཞེངས། དབུས་གཙང་གི་ས་ཁུལ་དུ་ཟིང་འཁྲུག་དང་། ནད་ཡམས། མུ་གེ་སོགས་བཟློག་པའི་མཐུན་རྐྱེན་མཛད། ཞེ་ལྔ་པར་ཞྭ་དམར་ཆོས་ཀྱི་གྲགས་པ་ལས་དབང་ལུང་མན་ངག་མང་དུ་ཞུས། ལྔ་བཅུ་པར་བཀྲ་ཤིས་སྒོ་མང་ལེགས་པར་གྲུབ་སྟེ་རབ་གནས་ཆོ་ག་རྒྱས་པ་མཛད། དབུས་གཙང་གི་བླ་མར་གྱུར་། ཀུན་གྱིས་སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་འཕྲུལ་དུ་ངོས་འཛིན་བྱས། ང་གཉིས་པ་རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ ༡༥༢༧ ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅོ་ལྔ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་རས་ཆེན་རིན་ཆེན་ཀུན་དགའ་རྒྱ་མཚོ། པཎ་ཆེན་རྡོ་རྗེ་རྒྱལ་མཚན། རབ་འབྱམས་པ་བློ་གྲོས་རྒྱ་མཚོ། ཆོས་སྒོ་བ་བཅས་་ཡིན། གསུང་རྩོམ་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་ཆོག་དང་། མོས་གུས་སྲོག་འཁོར་གྱི་ཁྲིད། བདེ་མགོན་གྱི་ལས་རིམ་གསལ་སྒྲོན་བཅས་བཞུགས། མཚན་གཞན། རིན་ཆེན་ལྷུན་པོ། ཀུན་དགའ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ།

{{#arraymap:འབྲི་གུང་ཀུན་དགའ་རིན་ཆེན་དཔལ་བཟང་པོ་

|; |@@@ | | }}