68857
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ཤིང་ལུག་ཕྱི་ལོ ༡༥༩༥ ལོར་འབྲི་གུང་གཞུ་སྨད་སྤྲོ་ལུང་དུ་ཡབ་རྗེ་ཆོས་རྒྱལ་ཕུན་ཚོགས་དང་། ཡུམ་དཔོན་ས་གཡང་ཁུག་མ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། དགུང་ལོ་ལྔ་པར་ཡབ་རྗེ་ལས་བཀའ་བརྒྱད་བདེ་འདུས་ཀྱི་གཙོས་དབང་ལུང་མན་ངག་མང་དུ་གསན། བཅུ་གཅིག་པར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། འདུལ་བའི་ཆོས་གཞུང་སོགས་ལ་སྦྱངས། མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་། སྡེ་པ་དཀོན་མཆོག མཁན་ཆེན་རྣམ་འཇོམས་ཕུན་ཚོགས་སོགས་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བཅོ་བརྒྱད་པར་མཁན་ཆེན་བྱམས་པ་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་པར་རྫོགས། གསང་སྔགས་གསར་རྙིང་གི་དཀའ་གནད་མང་དུ་གསན། མདོ་ཁམས་སྟོད་སྨད་ཀྱི་གདུལ་བྱ་མང་པོ་ཆོས་གསུངས། ཉེར་བདུན་པར་ཙ་རི་སོགས་སུ་གནས་མཇལ་དུ་ཕེབས། སོ་གཉིས་པར་འབྲི་གུང་བྱང་ཆིབ་གླིང་གི་གདན་སར་ཕེབས། ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། ཞན་གྱིས་ཕྲ་མ་བཅུག་པས་བོད་གཞུང་གིས་རེ་ཞིག་དོ་དམ་བྱས། རྒྱལ་དབང་ལྔ་པས་གློད། ཐུགས་མཐུན་ཁྲིམས་གཙང་གིས་ཆོས་འབྲེལ་མཛད། འབྲི་གུང་གདན་ས་དང་། སྒྲུབ་སྡེ་ཁག་ལ་རྟེན་གསུ་མང་དུ་བཞེངས། རེ་ལྔ་པ་རབ་བྱུང་བཅུ་གཅིག་པའི་ས་ཕག་ཕྱི་ལོ ༡༦༥༩ ལོར་འབྲི་གུང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་ཉེར་གསུམ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་དཀོན་མཆོག་འཕྲིན་ལས་བཟང་པོ་དང་། ལྷོ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ། རྒྱལ་སྲས་བཀྲ་ཤིས་ཕུན་ཚོགས། པཎ་ཆེན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་འགྲོ་ཕན་དབང་པོ་བཅས་མང་དུ་བྱོན། གསུང་རྩོམ་ནི་འདུལ་བ་མདོ་རྩའི་མཚན་འགྲེལ་དང་། ཟབ་ལམ་ཆོས་དྲུག་གི་ཁྲིད་ནཱ་རོའི་ཞབས་ཀྱི་ཞལ་ལུང་། དགོངས་གཅིག་གི་རྣམ་བཤད། བདེ་མཆོག་སྒ་ལོའི་ལྷ་ལྔ། དྲིལ་བུའི་ལྷ་ལྔ། དྲུག་ཅུ་བ། ཀྱེ་རྡོ་རྗེ་ས་ལུགས། སྤྱན་རས་གཟིགས་ཕྲེང་བ་སྐོར་གསུམ། ལྷན་སྐྱེས་རྣམ་བཞི། བླ་མེད་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་བདུན། ངན་སོང་ཡོངས་སུ་སྦྱོང་བ་གཙུག་ཏོ་དགུ ཀུན་རིག བཀའ་བརྒྱད། དགོངས་པ་ཡབ་ཟབ། གཤིན་རྗེ་གཤེད་ཡང་བཟློག་མེའི་སྤུ་གྲི རྒྱུད་བཞིའི་དཀའ་མཆན། དཀའ་གནད་དོགས་སེལ། འབྲི་གུང་གདན་རབས་པདྨའི་ཕྲེང་བ་བཅས་ཆོས་ཚན་མང་དུ་བཞུགས། མཚན་གཞན་ལ་དཀོན་མཆོག་ཕུན་ཚོགས། |