68885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་རྭ་ཕུག་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ནི་སྟོད་གངས་རིན་པོ་ཆེའི་སྐོར་ལམ་གྱི་བྱང་ངོས་སུ་ཆགས་ཡོད་ཅིང་། སྔོན་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ་མཁའ་འགྲོ་སེང་གདོང་མའི་སྤྲུལ་པ་འབྲི་ཞིག་རྡོ་ལ་ཐིམས་པའི་ཤུལ་དུ་འབྲིའི་རྭ་ཡི་རྗེས་བྱུང་བས་འབྲི་ཐིམ་འབྲི་རྭ་ཕུག་ཏུ་གྲགས། (རྒོད་ཚང་པའི་འཁྲུངས་ལོ་རབ་བྱུང་གསུམ་པའི་ས་བྱ་ ༡༡༨༩ ལོ་ཡིན། དགུང་ལོ་བདུན་ཅུ་ས་རྟ་ ༡༢༥༨ ལོའི་དབྱར་ཟླ་འབྲིང་པོའི་ཚེས་གསུམ་ལ་གཤེགས། ) སྒྲུབ་ཕུག་དེར་ཡུན་རིང་སྒྲུབ་པ་མཛད་པས་མཁའ་འགྲོ་མ་སེང་གདོང་མས་ཀྱང་ས་ཞག་གི་འཚོ་བ་བླངས་ཏེ་ཕུལ་བར་གྲགས། ས་ཞག་ལེན་པའི་ཤུལ་དེར་གངས་འཁྱམས་ཞེས་གྲགས་པ་ད་ལྟའང་མཇལ་རྒྱུ་ཡོད། རྗེ་རྒོད་ཚང་པ་གནས་དེ་ནས་ཕེབས་ཁར། འགྲོ་བ་སུ་དང་སུས་མགོ་གཏུགས་ཀྱང་དེ་ཉིད་ངན་སོང་དུ་རྡོག་པས་འཕུལ་ཀྱང་གཏོང་རེ་སྐན་ཞེས་བྲག་ལ་དབུ་གཏུགས་མཛད་པས་དབུའི་རྗེས་བྱུང་བ་དང་། ཕུག་པའི་མདུན་གྱི་རྡོ་ལའང་ཞབས་རྗེས་བྱུང་བ་བཅས་ད་ལྟར་མཇལ་རྒྱུ་ཡོད། དེ་ནས་བཟུང་གནས་འདིར་སྒོམ་ཆེན་པ་མང་ཉུང་ཅི་རིགས་རྒྱུན་མ་ཆད་པར་བཞུགས་པ་ལས་ཚད་ལྡན་གྱི་དགོན་པ་ནི་མ་བྱུང་། ཡང་ཕྱིས་གྲྭ་སྡིངས་པོ་ཆེའི་ཅོག་གྲྭ་སྐུ་ཕྲེང་གང་རུང་ཞིག་གི་དངོས་སློབ་སྐྱབས་མགོན་གངས་རི་བ་ཞེས་པ་དེ་ཉིད་སྟོད་ཁུལ་དུ་བརྟུལ་ཞུགས་ལ་ཕེབས་སྐབས་སུ། སྒྲུབ་ཕུག་འདི་ཉིད་ཁྱད་དུ་འཕགས་པར་དགོངས་ནས་དེ་གར་དགོན་པ་གསར་བཞེངས་མཛད་པས། དེ་ནས་བཟུང་འབྲི་རྭ་ཕུག་དགོན་ཞེས་པ་དེ་ཉིད་བྱུང་བ་ཡིན་ནོ། །རིག་གནས་གསར་བརྗེའི་སྔོན་ཙམ་བར་དགོན་བདག་ཀྱང་སྡིངས་ཆེ་དོན་འགྲུབ་མཐོང་སྨོན་གླིང་དགོན་ནས་མཛད་པ་མ་ཟད། འབྲི་རྭ་ཕུག་དགོན་དང་། ཆོས་སྐུ་དགོན། བྱིའུ་དགོན་བཅས་ལ་བླ་ཚབ་ཀྱང་དགོན་དེ་ནས་ཕེབས་སྲོལ་ཡོད་པར་གྲགས། རིག་གནས་གསར་བརྗེའི་སྐབས་དགོན་འདི་ཉིད་ཀྱང་རྩ་མེད་དུ་སོང་བ་ནི་དགོན་སྡེ་གཞན་དང་མཚུངས་པ་བཅས་སོ། ། དེང་སྐབས་དགོན་སྡེ་སླར་གསོ་ཇི་ལྟར་ཞུས་པའི་སྐོར། རྒྱ་དམར་རིག་གསར་གྱི་རྗེས་སུ་སླར་ཡང་། ཕྱི་ལོ་ ༡༩༨༦ ལོར་དགོན་འདི་ཉིད་ཀྱང་རྒྱ་གཞུང་གི་རྒྱབ་སྐྱོར་འོག་དང་། ཁམས་ནས་ཀརྨ་བཀའ་བརྒྱུད་པའི་མཁན་པོ་ཞིག་གནས་འདིར་ཕེབས་ཏེ་དགོན་འདི་ཉིད་སླར་གསོ་ཞུས་པ་མ་ཟད་གྲྭ་གསར་མང་པོ་གསོ་སྐྱོང་མཛད་དེ་དེང་སྐབས་གངས་རིན་པོ་ཆེའི་ཉེ་འཁོར་དུ་ལེགས་གྲས་ཀྱི་དགོན་སྡེ་ཞིག་ཆགས་ཏེ་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཐོག་བསྟན་པ་འཛིན་བཞིན་འདུག་པ་བཅས་སོ། །