68960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུ་འཇམ་དབྱངས་གྲགས་པ་ (1)
Part of speech མིང་ཚིག
Definition མཁས་གྲུབ་འབྲུ་འཇམ་དབྱངས་གྲགས་པ་མཆོག་ནི། ཁམས་སྡེ་དགེ་འབྲི་རྒྱུད་འབྲུ་ཁོག་ཏུ། ཡབ་ཚེ་དང༌། ཡུམ་ལྷས་ཞེས་པའི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་༡༨༥༥ ལོར་འཁྲུངས། བཅུ་གསུམ་ལ་ཀློག་སྦྱངས་པས། འབད་རྩོལ་ཆེར་མ་དགོས་པར་བྱང་ཆུབ། བཅོ་ལྔ་ལ་ཐུགས་རྒྱུད་བསྐུལ་ཏེ། མཁར་འགོ་དགོན་པར་ཞུགས། རྗེ་བླ་མ་ཨ་མཁར་སྤྲུལ་སྐུས་མཚན་འཇམ་དབྱངས་གྲགས་པ་གསོལ། སྐྱེས་ཐོབ་ཀྱི་ཤེས་རབ་ཤིན་ཏུ་ཆེ་བར་གྲགས། ཟུར་མང་མེ་ཉག་མ་ཧཱ་པཎྜི་ཏ། བྱང་ཆུབ་རྡོ་རྗེ་ཀརྨ་འཇིགས་བྲལ། མཁས་དབང་རིག་འཛིན་བཅས་ལས་མདོ་སྔགས་རིག་གནས་སྐོར་སོགས་གསན། བཅོ་བརྒྱད་པར་སི་ཏུ་བཅུ་པའི་མདུན་ནས་རབ་ཏུ་བྱུང་ཤིང་དགེ་ཚུལ་བསྒྲུབས། སོ་གཅིག་ལ་མཁན་ཆེན་ཀརྨ་བཟོད་པ་རབ་བརྟན་གྱི་མདུན་ནས་བསྙེན་པར་རྫོགས། ཙ་འདྲའི་སྒྲུབ་བརྩོན་ཏིང་འཛིན་རྡོ་རྗེ་དང་། བན་ཆེན་ཀརྨ་བསྟན་འཛིན་དབང་པོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་སོགས། རིས་མེད་ཀྱི་སྐྱེས་ཆེན་རྣམས་ཀྱི་ཞབས་ལ་གཏུགས། དགུང་གྲངས་སོ་བཞི་ལ་མདོ་ཁམས་དྲུག་པའི་མདུན་ནས། སྙན་རྒྱུད་སྨིན་དབང་དང༌། རྡོ་རྗེ་ཚིག་རྐང་གི་བཤད་ལུང་ཐོབ། ཡོངས་འཛིན་བཞི་བཅུ་ལྷག་ཙམ་བསྟེན་ནས། བཅུ་ཕྲག་རིག་པའི་གནས་ཐོས་བསམ་སྒོམ་པས་གཏན་ལ་ཕབ་སྟེ། འཆད་རྩོད་རྩོམ་པ་གང་ལ་ཡང་མི་འཇིགས་པའི་སྤོབས་པ་བརྙེས། འཆི་གྲབས་བྱུང་བའི་སྐབས་སུ། སྐུ་མཚམས་དམ་པོར་བཅད་དེ། བདག་གཞན་བརྗེ་བའི་བློ་སྦྱོང་ལས་བྱང་སེམས་ལ་བོགས་ཆེན་པོ་ཐོན། ཀོང་སྤྲུལ་རིན་པོ་ཆེས། བསམ་གྱིས་མི་ཁྱབ་པའི་སྐྱེས་བུར་བསྟོད་པ་མཛད། ཞེ་གཉིས་ལ་སྒྲུབ་སྡེ་བཀྲ་ཤིས་དོན་ཀུན་ཡོངས་གྲུབ་ཕྱག་བཏབ་ཅིང༌། དེར་གཏེར་ཆེན་བསམ་གཏན་གླིང་པ་ཕེབས་ནས། རྗེ་འདི་ལྷ་སྲས་མུ་ཏིག་བཙན་པོའི་རྣམ་རོལ་དང་ཆོས་བདག་ཉིད་དུ་གཟེངས་བསྟོད། སྐུ་ཚེ་ཕལ་ཆེར་གསོ་རིག་རྒྱུད་བཞིའི་ཁྲིད་ལུང་དང་ལག་ལེན་རྣམས་ཕྱོགས་མཐར་ཁྱབ་པར་མཛད་པས། འགྲོ་ཕན་ཤིན་ཏུ་ཆེ། རབ་བྱུང་བསྙེན་རྫོགས་སྒྲུབ་པའི་མཁན་པོ་མཛད་ནས་ཀར་འབྲུག་གི་འདུལ་བསྟན་གསལ་བའི་ཉིན་བྱེད་གཅིག་པུར་གྱུར། ཞལ་སློབ་ནི། གཏེར་ཆེན་རོལ་རྡོར་སྐུ་ཕྲེང་ལྔ་པ་དང་དྲུང་པ་སྐུ་ཕྲེང་བཅུ་པ། ཁམས་སྤྲུལ་བདུན་པ། པད་སྙིང་བདུན་པ། ཁྲ་ལེགས་མཆོག་སྤྲུལ། སྡོམ་བརྩོན་གཅེན་པོ་བཀྲ་ཤིས་རྒྱ་མཚོ། རྟོགས་ལྡན་ཀུན་བཟང་སྨིན་གྲོལ། དཔལ་སྤུངས་མཁྱེན་སྤྲུལ། ཐར་རྩེ་ཞབས་དྲུང༌། མཁས་དབང་ནོར་བསམ། དཔལ་སྤུངས་མཁན་པོ་སྟོབས་བཅུ་རབ་རྒྱས། འབྲང་སྲས་བསྟན་འཛིན་ཆོས་རྒྱལ། འོམ་པ་མཆོག་སྤྲུལ། གསས་མཁར་སྤྲུལ་སྐུ། ལོ་རི་སྐུ་རབས་བདུན་པ། དགོན་ཆེན་མཁན་པོ་བསམ་གཏན་བློ་གྲོས། པད་སྙིང་མཁན་པོ་འཇམ་དཔལ་བཟང་པོ། ཀེ་རོང་མཆོག་སྤྲུལ། ཁུ་ནུ་བླ་མ་བྱང་སེམས་བསྟན་འཛིན་རྒྱལ་མཚན། དྲན་ཐང་འཚོ་བྱེད་ཀརྨ་བསོད་ནམས། འཛི་སྒར་ཀརྨ་ཚེ་བརྟན། ཀརྨ་འོད་བྱེད་དཔལ། ཉེ་གནས་མི་ཕམ་བློ་གྲོས། སྒྲུབ་བརྩོན་དར་རྒྱས་བཀྲ་ཤིས། ནང་ཆེན་ར་ཁྲོ་གཏེར་སྟོན་ཀུན་འདུལ་གླིང་པ་སོགས་སོ། །གསུང་རྩོམ་ནི། རོ་སྙོམས་ཀྱི་ཁྲིད་ཡིག་སོགས་པོད་གཅིག་ཙམ་བཞུགས་ཤིང༌། དགུང་ལོ་དོན་གཉིས་མེ་སྟག ༡༩༢༦ ལོར་རང་རྣམ་གྱི་ཁ་སྐོང་མཛད་པས་དགུང་ལོ་མཐོན་པོར་བཞུགས་ངེས་ཀྱང་འདས་ལོ་མ་རྙེད་དོ། །

{{#arraymap:འབྲུ་འཇམ་དབྱངས་གྲགས་པ་

|; |@@@ | | }}