68968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུ་ལྔ་ (1)
Part of speech མིང་ཚིག
Definition ནས། སྲན་མ། གྲོ། འབྲས། ཏིལ་དཀར་དང་ལྔ་རུ་བཤད་དོ། །དེ་དག་ནི་སྤྱིར་དགོས་མཁོ་མང་ལ་གོ་ཡང་སླ། ཆོས་ལུགས་ཀྱི་དབང་དུ་བཤད་ན། ཞི་བའི་དཀྱིལ་འཁོར་བརྩིག་ཅིང་ཆག་ཆག་གདབ་པའི་རྫས་སོགས་སུ་བླུག་དགོས་པར་གསུངས་སོ། །དེའི་དགོས་དོན། ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དེ་ཉིད་ལྷའི་གཞལ་ཡས་སུ་བསྐྱེད་ཅིང་བསྒོམ་པས་དབང་པོ་ལྔ་གནས་སུ་དག་ནས་འབྲས་བུ་སྐུ་ལྔར་འཐོབ་པའི་བརྡ་དོན་ཡིན་པར་བཤད་དོ། །
འབྲུ་ལྔ་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྙིང་མ། དཔལ་གསང་བ་སྙིང་པོ་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་མཉམ་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ཞེས་དང་། སྤར་ཁབ་ལས། ཕུང་པོ་ལྔ་དག་པ་སྐུ་ལྔ་ཐོབ་པར་བྱ་བའི་ཕྱིར་འབྲུ་ལྔ་དང་། དབང་པོ་ལྔ་དག་པ་ཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར་སྤོས་ལྔ་དང་། ཡུལ་ལྔ་དག་པ་ཡོན་ཏན་ལྔ་ཐོབ་པར་བྱ་བའི་ཕྱིར་རིན་པོ་ཆེ་ལྔ་དང་། རྣམ་ཤེས་ལྔ་དག་པས་ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཕྱིར་སྙིང་པོ་ལྔ་དང་། འདོད་ཡོན་ལྔ་དག་པ་གསུང་ལྔ་ཐོབ་པར་བྱ་བའི་ཕྱིར་སྨན་ལྔ་དང་། ཁམས་ལྔ་དག་པ་རིགས་ལྔ་ཐོབ་པར་བྱ་བའི་ཕྱིར་བདུད་རྩི་ལྔ་སྟེ། ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། ཕུང་པོ་ལྔ་དག་པ་སྐུ་ལྔའི་རང་བཞིན་ནས། གྲོ། སྲན་མ། ཏིལ། འབྲས་ཏེ་འབྲུ་ལྔ། དབང་པོ་ལྔ་དག་པ་འཕྲིན་ལས་ལྔའི་རང་བཞིན་ག་བུར། གུར་གུམ། ཙནྡན་དཀར་དམར། ཨ་ཀ་རུ་སྟེ་སྤོས་ལྔ། ཡུལ་ལྔ་དག་པ་ཡོན་ཏན་ལྔའི་རང་བཞིན་གསེར། དངུལ། བྱུ་རུ། མུ་ཏིག ནོར་བུ་སྟེ་རིན་ཆེན་ལྔ། རྣམ་ཤེས་ལྔ་དག་པ་ཡེ་ཤེས་ལྔའི་རང་བཞིན་ལན་ཚྭ། སྦྲང་། བུ་རམ། མར། ཤིང་འབྲས་ཏེ་སྙིང་པོ་ལྔ། འདོད་ཡོན་ལྔ་དག་པ་གསུང་ལྔའི་རང་བཞིན་ཤུ་དག་དཀར་པོ། དབང་པོ་ལག་པ། སླེ་ཏྲེས། ཀཎྜ་ཀ་རི། ཨ་མྲའི་འབྲས་བུ་སྟེ་སྨན་ལྔ། ཁམས་ལྔ་དག་པ་རིགས་ལྔའི་རང་བཞིན་ཉི་མ། ཟླ་བ། ཆུ། ས། ཤ་ཆེན་གྱི་དྭངས་མ་སྟེ་བདུད་རྩི་ལྔ། ཞེས་གསུངས།
Domain ཆོས་ལུགས།