68988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཀུན་མཁྱེན་པདྨ་དཀར་པོ་འབྲུག་ཆེན་སྐུ་ཕྲེང་བཞི་པ་ (1)
Part of speech མིང་ཚིག
Definition རྒྱལ་དབང་འབྲུག་པ་བཞི་པ་ཀུན་མཁྱེན་ཆེན་པོ་པདྨ་དཀར་པོ་མཆོག་ནི། ཤར་ཀོང་པོའི་ཡུལ་གཙང་ཤོད་དགོན་བྱ་བར། ཡབ་ཇོ་སྲས་ཀླུའི་དབང་པོ་དང་ཡུམ་ཆོས་སྐྱོང་སྒྲོལ་མའི་སྲས་སུ། རབ་བྱུང་དགུ་པའི་མེ་ཕག་ ༡༥༢༧ ལོར་སྐུ་བལྟམས། འཁྲུངས་ནས་ཞག་ཉི་ཤུ་ཙམ་ན། ཡི་གེ་དྲུག་པ་ཤིན་ཏུ་གསལ་བ་ཐེངས་གསུམ་གསུངས་པས། ཨ་བོ་མ་ཎི་བ་ཞེས་བཏགས། དགུང་ལོ་བཅུ་ལ་བཀྲ་ཤིས་མཐོང་སྨོན་གྱི་ཆོས་ཁྲིར་མངའ་གསོལ། བཅུ་གཅིག་པ་འབྲུག་ཆེན་ངག་དབང་ཆོས་རྒྱལ་ལ་གཙུག་ཕུད་ཕུལ་ཞིང༌། ཡོངས་རྫོགས་དགེ་བསྙེན་དང༌། བྱང་སྡོམ་གནང༌། མཚན་རིམ་བཞིན། ནཱ་རོ་ཏ་པའི་རྒྱལ་ཚབ་འགྱུར་མེད་ངག་དབང་ནོར་བུ་དབང་པོའི་སྡེ་དང༌། མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། རྗེ་དེ་ཉིད་རིགས་ཀྱི་བདག་པོར་བསྟེན། བཅུ་བདུན་པ་ལ། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཁན་པོ་མཛད་ནས། བསྙེན་པར་རྫོགས། ངག་དབང་ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོར་མཚན་གསོལ། དེ་ལས་མཚན་ཉིད་ཐེག་པའི་རྒྱ་གཞུང་མང་པོ་གསན། རྒྱལ་སྲས་ངག་དབང་གྲགས་པ་རྒྱལ་མཚན་དང༌། ཀུན་སྤངས་ཆེན་པོ། རྡོ་རྗེ་གླིང་པ་ཡོན་ཏན་ཡེ་ཤེས། བྱ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ། ཐེལ་མཁན་ཆེན་ཆོས་རྒྱལ་ལྷུན་གྲུབ། བླ་ཆེན་ཚེ་བདག་བཀྲ་ཤིས་སོགས་དང་། གཞན་ཡང་ལྕང་ར་བ་བློ་གྲོས་བཟང་པོ། འབྲུག་པ་ལོ་ཙཱ་བ་ངག་དབང་གྲགས་པ། གྲ་ཕུག་པ་དཔལ་མགོན་ཕྲིན་ལས་སོགས་ལས། རིག་པའི་གནས་ཆེ་ཕྲ་ཀུན་བརྡ་ཙམ་རེ་གསན་མ་ཐག་མཁྱེན་ཏེ། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར། ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། ལོ་རོ་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་ཆེན་པོ་གསར་དུ་བཞེངས། གཙང་རྒྱལ་བྱེད་ཚལ། བྱམས་ཆེན་ཆོས་གླིང༌། གཉལ་རྡོ་རྗེ་གདན། ལྷས་བསྟན་གྱི་རི་བོ་གསང་སྔགས་ཆོས་གླིང་སོགས། བཤད་སྒྲུབ་ཀྱི་ཆོས་སྡེ་མང་པོ་གསར་དུ་ཕྱག་བཏབ། ང་བརྒྱད་ཤིང་སྤྲེལ་ལོར། ཀོང་ཡུལ་རྡོ་རྗེ་གདན་བཏབ་པ་སོགས། བློ་ཡུལ་དུ་ཤོང་དཀའ་བའི་འཁོར་ལོ་གསུམ་གྱི་མཛད་ཕྲིན་རླབས་པོ་ཆེ་བསྐྱང་ཞིང་། ཕྱི་རབས་ཀྱི་དོན་ལ། དཔྱད་གསུམ་གྱིས་དག་པའི་བསྟན་བཅོས་ཀྱང་། པུསྟི་ཀ་བཅུ་ཕྲག་གཉིས་ལྷག་མཛད་དེ། མདོ་སྔགས་རབ་འབྱམས་ལ་དབང་འབྱོར་བའི་ཐམས་ཅད་མཁྱེན་པ་མི་ཕམ་པདྨ་དཀར་པོ་ཞེས་གྲགས་པ་བྱུང་ངོ་། །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་མཐར། རེ་དྲུག་པ་ཆུ་འབྲུག་ ༡༥༩༢ ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ལ། བྱར་བཀྲ་ཤིས་ལྷས་སྟེང་དུ་སྙུན་གཟུགས་མེད་པར་ཞི་དབྱིངས་སུ་བསྡུས་ཚུལ་བསྟན་ཏོ། །གདུང་ཞུགས་ལ་བཞུས་པའི་ཚེ་རིང་བསྲེལ་དང༌། འཁོར་ལོ་སྡོམ་པའི་སྐུ་སོགས་ཡ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །ཞལ་སློབ་ནི། རྗེ་འདིའི་བླ་སློབ་གཉིས་ཀར་གྱུར་པ། ཆོས་མགོན་དང་པོ་དང་། འབྲུག་པ་ལོ་ཆེན་ངག་དབང་གྲགས་པ་སོགས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་མཆོག་ཏུ་གྱུར་པ། བསྟན་པའི་སྦྱིན་བདག་ཆོས་ལྡན་གྱི་རྒྱལ་བློན་བཅས། བོད་འདིར་ཆེ་བ་གཞན་མེད་པའི་སློབ་ཚོགས་ཤིན་ཏུ་མང་ངོ་། །

{{#arraymap:འབྲུག་ཀུན་མཁྱེན་པདྨ་དཀར་པོ་འབྲུག་ཆེན་སྐུ་ཕྲེང་བཞི་པ་

|; |@@@ | | }}