68989
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ ༡༧༣༠ ལོར་རྫ་སྟོད་དཔོན་ཚང་གི་ཁྱིམ་དུ་འཁྲུངས། དགུང་ལོ་བཞི་པར་མདོ་ཁམས་ལྷ༌ཐོག་རྒྱལ་པོའི་མངའ་ཁོངས་ཁ་སྟག་དཀར་མོའི་རི་ཁུག་ཁམས་པ་དགོན་ཕུན་ཚོགས་ཆོས་འཁོར་གླིང་གི་སྤྲུལ་སྐུར་ངོས་བཟུང་། སི་ཏུ་ཆོས་ཀྱི་འབྱུང་གནས་དང༌། འཇམ་དཔལ་དཔའ་བོ་སོགས་ལས་མདོ་སྔགས་རིག་གནས་མཁས་པར་སྦྱངས། སི་ཏུ་རིན་པོ་ཆེ་ལས་སྙན་ངག་མེ་ལོང་མ་དང༌། སྒྲ་ཙནྡྲ་པ། སྡེབ་སྦྱོར་སོགས་གསན་རྗེས་དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་ཕྱི་ལོ ༡༧༥༤ ལོར་རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་ལྗགས་རྩོམ་གནང༌། ཞེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ཕྱི་ལོ ༡༧༧༠ ལོར་ཡོངས་སུ་གྲུབ། བཅུ་དྲུག་པ་ཤིང་གླང་ཕྱི་ལོ ༡༧༤༥ ལོར་ཁ་སྟག་དཀར་མོའི་རི་ཁུག་ནས་ཁམས་པ་སྒར་དུ་ཕུན་ཚོགས་གླིང་དགོན་པ་དང། རྣམ་རྒྱལ་ཆོས་འཁོར་གླིང༌། གསང་ཆེན་མཐོང་གྲོལ་གླིང་བཅས་དགོན་སྡེ་ཆེན་པོ་གསུམ་ཕྱག་བཏབ། བསྟན་འགྲོའི་དོན་རྒྱ་ཆེར་མཛད། ལྔ་བཅུ་པ་རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ ༡༧༧༩ ལོར་ཕུན་ཚོགས་ཆོས་འཁོར་གླིང་དུ་སྐུ་གཤེགས། སློབ་མ་གཙོ་བོ་ནི་མཁས་གྲུབ་བསོད་ནམས་རབ་འཕེལ་དང་། རབ་འབྱམས་པ་བློ་གྲོས་བརྟན་པ། འཛི་སྒར་རྡོ་རྗེ་གྲགས་པ་སོགས་ཡིན། གསུང་རྩོམ་ནི། དབྱངས་ཅན་ངག་གི་རོལ་མཚོ་སོགས་བཞུགས། |