68994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ངག་དབང་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་མཆོག་ནི། ཡབ་རྒྱལ་དབང་རྗེའི་གཅུང་པོ་ལྷའི་དབང་པོ་དང༌། ཡུམ་ནམ་མཁའ་འཛོམ་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཤིང་བྱ་ ༡༤༦༥ ལོར་འཁྲུངས། ཆུང་ངུ་ནས་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅུ་གཉིས་པ་ལ། རྒྱལ་དབང་རྗེའི་མདུན་ནས་རབ་ཏུ་བྱུང༌། མཚན་ངག་དབང་ཆོས་ཀྱི་རྒྱལ་པོར་གསོལ། རྗེ་གཤེགས་ནས། གྲུབ་ཆེན་ཤཱཀྱ་འཕེལ་བ་ལ་འབྲུག་སྐོར་གྱི་ལྷག་མ། ལག་ལེན་ལ་དོགས་གཅོད་ཞིབ་མོ་མཛད། བཅུ་བཞི་ལ་གདན་སར་ཕེབས། མཆོད་རྟེན་ཆེན་མོའི་རབ་གནས་ཀྱི་སྐབས། སངས་རྒྱས་དབོན་གྱིས། ང་མ་འོངས་པའི་དུས་སུ། འདི་ལ་ཞིག་གསོས་དགོས་པ་ཡོང༌། དེ་དུས་ཁོ་བོ་རང་བསླེབས་ནས་བྱེད་གསུངས་པ་བཞིན། རྗེ་འདིའི་མཆོད་རྟེན་ཕྱེད་ཞིག་པ། ཞིག་གསོས་མཛད་པས། དབོན་རས་ཀྱི་སྤྲུལ་པའི་སྐུར་གྲགས། སྟག་ལུང་ངག་དབང་གྲགས་པ། སྐུ་ཞང་ཆོས་རྗེ་མཁྱེན་རབ་མཆོག་གྲུབ། ཆོས་རྗེ་ལྷུན་སྡེ་བ་སོགས་བླ་མ་མང་དུ་བསྟེན། བདེ་མཆོག་ལ་སོགས་པའི་རྒྱུད་མན་ངག་མང་དུ་གསན། སྒྲུབ་པ་གཙོར་འདོན་གནང་བས། ར་ལུང་ཁ་རོ། མཁར་ཆུ། སྤ་གྲོ་སྟག་ཚང་སོགས་སུ་ལོ་དགུ་ཙམ་སྒྲུབ་པ་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར། ནང་དུ་ཐུགས་དམ་རྟོགས་པ་བརྟན་ཅིང༌། ཕྱི་རོལ་དུ་ལྷ་འདྲེ་མི་གསུམ་དབང་དུ་འདུས་ཤིང༌། ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་གིས་སྒྲུབ། ངོ་མཚར་བ་ཞལ་དུ་མི་གླེང་སྦེད་པ་ལ་དགྱེས། འོན་ཀྱང་ཞབས་ཕྱག་གི་རྗེས་དང༌། ཆིབས་ཀྱི་རྨིག་རྗེས། གར་ཕེབས་སུ་འཇའ་འོད་ཀྱི་ལམ་སྣ་འདྲེན་ཞིང༌། ལྷག་པར་དབང་བསྐུར་རབ་གནས་སོགས་ཀྱི་དུས་ཕལ་ཆེར་ལ། མེ་ཏོག་གི་ཆར་དང༌། འཇའ་གུར་སོགས་ཀྱི་ལྟས་འབྱུང་ལ། མ་འོངས་ལུང་བསྟན་ཀུན་ལ་མངོན་དུ་གྱུར། མར་པ་ལོ་ཙཱའི་སྤྲུལ་པར་གྲགས། པཎྜི་ཏ་འབུམ་ཕྲག་གསུམ་པ་ལ། ཡི་དམ་ལྷས། བླ་མ་ཞང་ཡིན་པས། དེའི་བཀའ་འབུམ་ལུང་ཞུས་ཞེས་ཡང་ཡང་ལུང་བསྟན་པ་བཞིན་ཞུས། ལྷོ་མོན་དུ་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་སྒྲུབ་སྡེ་མང་པོ་ཕྱག་བཏབ། སྙིང་པོའི་གནད་གསང་སྟོན་པའི་བསྟན་བཅོས་ཀྱང་པུསྟི་ཀ་གསུམ་དུ་ལོངས་པར་བཞུགས། དོན་དྲུག་པ་ལྕགས་བྱི་༡༥༤༠ ལོའི་བོད་ཟླ་དང་པོའི་གནམ་གང་ལ་མྱ་ངན་ལས་འདས་པ་ན། སྐུ་གདུང་གི་ཕྱོགས་སུ་བསུང་ཞིམ་གྱི་ངད་འཐུལ་བ་སོགས། ཡ་མཚན་པའི་ལྟས་དཔག་ཏུ་མེད་པ་བྱུང་ངོ༌། །སློབ་མའི་ཐུ་བོ་འཇམ་དབྱངས་ཆོས་གྲགས་དང༌། ཀུན་མཁྱེན་པད་དཀར་སྐུ་གོང་འོག་གཉིས། སྐུའི་སྲས་ཆེ་བ། ངག་དབང་བསྟན་པའི་རྒྱལ་མཚན་དང༌། གཅུང་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་གཉིས། ཏིང་ཏིང་རྡོར་འཛིན་པ། འབྲུག་སྨྱོན་ཀུན་ལེགས། ཐལ་རུ་རྟོགས་ལྡན། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ། སྟག་ལུང་ཞབས་དྲུང་ངག་དབང་ལེགས་གྲུབ་མཆེད་གསུམ། རྗེ་དཔའ་བོ་གཙུག་ལག་ཕྲེང་བ། སྙུགས་ལ་པཎ་ཆེན་ངག་དབང་གྲགས་པ། བྱ་བཀྲ་ཤིས་རྣམ་རྒྱལ། པཎ་ཆེན་འབུམ་ཕྲག་གསུམ་པ། བསྟན་འཛིན་ཉི་ཟླ་བཟང་པོ། འདར་པ་བློ་གྲོས་རྒྱ་མཚོ། ཀུན་དགའ་གྲོལ་མཆོག ཚར་ཆེན་བློ་གསལ་རྒྱ་མཚོ། དགེ་ལྡན་པ་དགེ་འདུན་བཀྲ་ཤིས། གསང་ཕུ་ཆོས་རྗེ་སྨོན་ལམ་པ། མཁན་པོ་ནམ་མཁའ་བཀྲ་ཤིས། མཁན་པོ་རིན་ཆེན་བཀྲ་ཤིས་སོགས་སྙན་གྲགས་ཅན་ཤིན་ཏུ་མང་ངོ་། །