68999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཆེན་དྲུག་པ་མི་ཕམ་དབང་པོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་འབྲུག་ཆེན་དྲུག་པ་མི་ཕམ་དབང་པོ་མཆོག་ནི། ལྷོ་བྲག་མཁོ་མཐིང་སྡེ་པ་ལྷ་ཁང་གཞིས་ཀ་ལྷུན་གྲུབ་བདེ་ཡངས་སུ། ཡབ་ལྷ་རིགས་གྲགས་པ་བཀྲ་ཤིས་དབང་ཕྱུག་དང༌། ཡུམ་རིགས་ལྡན་དབང་མོ་ཡེ་ལྷ་གཉིས་ཀྱི་སྲས་སུ་༡༦༤༢ ལོར་འཁྲུངས། དགུང་ལོ་གསུམ་ནས་སྔོན་གནས་རྗེས་དྲན་གྱིས་ཀུན་ཡིད་ཆེས། རྗེ་ཀུན་དགའ་ལྷུན་གྲུབ་སོགས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་གདན་སར་སྤྱན་དྲངས། རྒྱལ་བ་ལྔ་པ་ཆེན་པོའི་སྤྱན་སྔར་ཚིགས་གསུམ་རིམ་ཅན་དུ་མནོས། མཚན་མི་ཕམ་དབང་པོ་ངེས་དོན་གྲུབ་པའི་ཤིང་རྟ་དཀར་བརྒྱུད་རྒྱ་མཚོའི་སྡེར་གསོལ། དགུང་ལོ་བཅུ་གྲངས་ནས་འབྲས་སྤུངས་ཀྱི་དགེ་བཤེས་གཉལ་པ་རབ་འབྱམས་པ་ངག་དབང་འཇམ་དབྱངས་ལས། བསྡུས་ཚད་དབུ་གསུམ། མངོན་པ་སོགས་གསན་སྦྱང་མཛད། བཅོ་བརྒྱད་པར་ལྷ་ལྡན་སྨོན་ལམ་ཆེན་མོར་ཕར་ཕྱིན་གྱི་ཚོགས་བཤད་དང་དམ་བཅའ་བཞག་ནས་ཚོགས་རམས་པ་མཛད་པས། སེར་འབྲས་ཀྱི་དགེ་བཤེས་ཀུན་གྱིས་མཁས་པ་མཁས་པའི་ནང་ན་མཛེས་སོང་ཞེས་བསྒྲགས། འདུས་པ་རྒྱ་མཚོས་ཞྭ་ལམ་བཏིང་སྟེ་གོང་དུ་བཀུར། བཞི་བཅུ་ཙམ་ལ་བོད་མཁས་པ་དགེ་ལེགས་རྣམ་རྒྱལ་གདན་དྲངས་ཏེ། དུས་འཁོར། འཇིགས་བྱེད། གདན་བཞི། མ་ཧཱ་མཱ་ཡ། གསང་འདུས། བདེ་མཆོག ཕག་མོ། ལྷ་མོ་དུད་སོལ་མའི་དབང་བཞི་སོགས་བཀའ་དབང་སྐོར། ཕྱག་ཆེན། ཆོས་དྲུག་དང༌། བསྲེ་འཕོ། བླ་སྒྲུབ། རྟེན་འབྲེལ། རོ་སྙོམས་སྙན་རྒྱུད། མཻ་ཏྲིའི་སྙན་རྒྱུད། ཨོ་རྒྱན་བསྙེན་སྒྲུབ། བདེ་ཆེན་སྐོར་གསུམ། ཡང་དགོན་པའི་རི་ཆོས་སྐོར་གསུམ་སོགས་ཀྱི་བཀའ་ཁྲིད། རྒྱལ་དབང་རྗེའི་བཀའ་འབུམ། པདྨ་དཀར་བཀའ་འབུམ་སོགས་ཀྱི་ལྗགས་ལུང་། སྙན་ངག་དང་སྐར་རྩིས་སོགས་མཚོན་རིག་གནས། དཀྱིལ་འཁོར་གྱི་ཐིག་རྡུལ་མཚོན། བྲིས་འབུར། གཏོར་བཟོ་སོགས་གནས་ཀུན་གསན་སྦྱང་མཛད། སྔ་རྗེས་རང་རིག་རས་པ་ལས་ཁྲིད་ཆེན། ཁྲིད་ཆུང་སྐོར་དང༌། ཡོངས་འཛིན་གཉིས་པ། ཅོག་གྲྭ་གཉིས་པ། དུས་ཞབས་པ་དཔལ་རྒྱས་དབང་པོ་ལས་ཀྱང་དབང་ཁྲིད་མང་པོ་གསན་པ་སོགས་མཛད། རིག་འཛིན་ཆོས་རྗེ་གླིང་པས། རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་བདག་ཏུ་མངའ་གསོལ། ཞེ་གཉིས་ཙམ་ལ་བོད་གཞུང་གི་ཆེད་དུ་སྟོད་མང་ཡུལ་ཕྱོགས་སུ་ཕེབས་ཏེ། སོག་པོ་དགའ་ལྡན་ཚེ་དབང་གི་དམག་དང་མངའ་རིས་སྐོར་གསུམ་གྱི་དམག་ལ་ཆིངས་འདུམ་ལེགས་པར་མཛད་པས་བསྟན་འགྲོ་ཡོངས་ལ་སྨན་རླབས་ཆེ། ཞལ་སློབ་ཀྱང་ཡོངས་འཛིན་གསུམ་པ། མཐུ་ཆེན་བཞི་པ། ཅོག་གྲྭ་གསུམ་པ། གྲུབ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་དཔལ་འབྱོར། འཛི་སྒར་གཉིས་པ། རྫོང་ཕུག་པ་འཇམ་དབྱངས་ཕྲིན་ལས་རབ་བརྟན། སྐྱིད་ཕུག་པ་ངག་དབང་དགེ་ལེགས་འབྲུག་རྒྱལ། ལ་དྭགས་གདུང་སྲས་རིན་པོ་ཆེ། འབྲུག་ཆོས་སྡིངས་རྒྱལ་དབང་སྤྲུལ་སྐུ། སྤོ་རི་སྤྲུལ་སྐུ། ཀོང་སྤྲུལ་རྣམ་གཉིས། སྔགས་གྲྭ་སློབ་དཔོན་ངག་གི་དབང་ཕྱུག ཆེན་པོ་རིག་འཛིན་པ། པད་དཀར་མཁན་ཆེན་དཀར་བརྒྱུད་ཕུན་ཚོགས། སྡོམ་བརྩོན་དཔལ་རྒྱས་དབོན་ཆེན། དགེ་སློང་ཐུབ་བསྟན་ལགས། རིགས་དབོན་སྐྱབས་འགྲོ་པའམ་དགེ་སློང་བསྟན་པའི་རྒྱལ་མཚན་སོགས་སློབ་ཚོགས་རྒྱ་མཚོ་སྨིན་གྲོལ་ལ་བཀོད། དགུང་ལོ་དོན་བཞི་པ་ཤིང་ལུག་ ༡༧༡༥ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་དམ། བཅུ་དགུའི་ཐོ་རངས་དུས་སུ་མྱ་ངན་ལས་འདས་སོ། །

{{#arraymap:འབྲུག་ཆེན་དྲུག་པ་མི་ཕམ་དབང་པོ་

|; |@@@ | | }}