69001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཆེན་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོ་མཆོག་ནི། ཁམས་ཆབ་མདོ་རྫ་རྒྱུད། རིགས་རུས་ཕུན་སུམ་ཚོགས་པ་ཟླ་ནག་ཚང་དུ། ཡབ་རྒྱལ་དབང་ཀརྨ་པ་བཅུ་བཞི་པའི་སྐུ་དབོན་རྡོ་རྗེ་ཚེ་རིང་གི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ ༡༨༨༤ ལོར་འཁྲུངས། དམ་པ་དུ་མས་སྐྱེ་སྤྲུལ་ཡིན་པར་གསལ་བར་གཟིགས་ཀྱང༌། སྐུ་གོང་མའི་ཞལ་ཆེམས་ཕྱག་བྲིས་གནང་བའི་ལུང་བསྟན་ལྟར། འཛི་སྒར་དགོན་དུ་གདན་དྲངས་ནས་སློབ་གཉེར་གནང་། དགུང་གྲངས་བདུན་ལ་མཚུར་ཕུར་གདན་ཞུས་མཛད་པའི་མཐར། བྱར་གསང་སྔགས་ཆོས་གླིང་དུ་གསེར་ཁྲིར་མངའ་གསོལ། ཡོངས་འཛིན་དྲུག་པས་གཙུག་ཕུད་བཞེས་ཏེ། དགེ་བསྙེན་གྱི་སྡོམ་པ་མནོས། མཚན་མི་ཕམ་ཆོས་ཀྱི་དབང་པོར་གསོལ། འགའ་ཞིག་ཏུ་མི་ཕམ་ཆོས་ཀྱི་ཉིན་བྱེད་དམ། འཇིགས་མེད་ཕྲིན་ལས་རབ་རྒྱས་ཞེས་ཀྱང་གསལ། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་ལས་རིག་གནས་སྐོར་སོགས་གསན། འབྲུག་པའི་དབང་ལུང་ཁྲིད་གསུམ་མང་ཆེ་བ་ཡོངས་འཛིན་དྲུག་པའི་མདུན་ནས་གསན། གསན་འཕྲོར་གྱུར་པ་རྣམས་ཅོག་གྲྭ་བདུན་པ་ལས་གསན། ཤཱཀྱ་ཤྲཱི་ཛྙཱ་ན་ཁམས་ནས་གདན་དྲངས་ཏེ། གསང་སྔགས་ཆོས་གླིང་གི་ཉེ་འདབས་སུ། རི་ཁྲོད་གསར་དུ་བཞེངས་ནས་བཞུགས་སུ་གསོལ། ངེས་གསང་ཕྱག་རྫོགས་ཀྱི་ཟབ་ཁྲིད་གསན་བཞེས་གནང་ནས། རིགས་ཀྱི་བདག་པོར་བཞེས། བྱར་ཕུ་ནགས་ཀྱི་དགོན་པར་ལོ་གསུམ་ཕྱོགས་གསུམ་ལ་བཞུགས། ཉམས་རྟོགས་ལ་དབང་འབྱོར། དཔལ་ཙ་རི་ཏྲར་མཁའ་འགྲོ་མ་བུད་མེད་ཕལ་པའི་ཚུལ་གྱིས་མྱོང་གྲོལ་རྩྭ་མཆོག་ཀླུ་བདུད་རྡོ་རྗེ་དངོས་སུ་ཕུལ། གཅིག་ཅར་གྱི་ལམ་བར་ཞིག་ཏུ་ཞབས་རྗེས་གསལ་བར་བྱོན་ཡང་སྒྲོ་སྐུར་ཡོང་ཞེས་དེ་འཕྲལ་སྦས་པར་གྲགས། སློབ་ཚོགས་ལ་དཀྱིལ་ཆོག་རྡོར་ཕྲེང༌སོགས་སྨིན་གྲོལ་རྒྱབ་བརྟེན་བཅས་པ་གནང། གསང་གླིང༌། ར་ལུང༌། གནམ་འབྲུག བཀྲིས་མཐོང་སྨོན་སོགས་ཉམས་གསོ་དང༌། གསང་གླིང་རྒྱ་མཚོ་གྲྭ་ཚང་དུ། དཀར་བརྒྱུད་གསེར་ཕྲེང་དང་གྲུབ་ཐོབ་བརྒྱད་ཅུ་ཡོད་པའི་བླ་མ་ལྷ་ཁང་དང་སྒྲུབ་སྡེ་སྨིན་གྲོལ་ཐར་པ་གླིང་རྟེན་བརྟེན་པ་བཅས་གསར་བཞེངས་མཛད་པ་ཤིན་ཏུ་མང༌། འཛི་སྒར་མཆོག་སྤྲུལ་བདུན་པས་ཁམས་སུ་ཡང་ཡང་སྤྱན་དྲངས་ནས་ཡུལ་གྲུ་སོ་སོའི་རེ་འདོད་ཡིད་བཞིན་བསྐངས། འཛི་སྒར་དང༌། ནང་ཆེན་སོགས་ཁམས་དང༌། ར་ལུང་དང༌། མཚུར་ཕུ་སོགས་དབུས་གཙང་རྣམས་སུ་ནཱ་རོའི་རྒྱན་དྲུག་སྐུ་ལ་བཞེས་ཏེ། མཐོང་གྲོལ་གྱི་བཀོད་པ་ཅི་ཡང་ངོམ་པར་མཛད། ཞལ་སློབ་ཀྱང༌། ཡོངས་འཛིན་བདུན་པ། འཛི་སྒར་བདུན་པ། གྲུབ་སྲས་འཕགས་མཆོག་རྡོ་རྗེ། འཁྲུལ་ཞིག་པདྨ་ཆོས་རྒྱལ། ཐུགས་སྲས་ངག་དབང་འགྱུར་མེད། ལྷོ་འབྲུག་གྲུབ་དབང་བསོད་ནམས་བཟང་པོ་སོགས། སྐབས་དེའི་འབྲུག་པའི་བླ་ཆེན་ཐམས་ཅད་ཀྱིས་ཞབས་ལ་མ་གཏུགས་པ་མེད་པ་ལྟ་བུའོ། །མཐར་དགུང་གྲངས་ཞེ་བདུན་པ་ལྕགས་རྟ་ ༡༩༣༠ ལོའི་བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ་མོ། །སྐུ་གདུང་ཞུགས་ལ་ཕུལ་བར་ཐུགས་ཀྱིས་མེ་མ་བཞེས་ཏེ་བཞུགས་པའི་ནང་ན་སྐུ་རུས་རིང་བསྲེལ་གྱི་ཕུང་པོ་ཅན་ཡིན་པ་ལ། རྣམ་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་རང་བྱོན་གསལ་བར་བྱོན་པ་ད་ལྟའང་མཇལ་དུ་ཡོད་དོ། །

{{#arraymap:འབྲུག་ཆེན་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོ་

|; |@@@ | | }}