69003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཆེན་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བ་ (1)
Part of speech མིང་ཚིག
Definition རྒྱལ་དབང་འབྲུག་ཆེན་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བ་མཆོག་ནི། ཀོང་པོ་ཉང་ཁའི་ཡུལ་དུ། ཡབ་ཚེ་དབང་མགོན་པོ་དང༌། ཡུམ་པད་མ་སྐྱིད་མོའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ས་བྱི་ ༡༧༦༨ ལོར་བལྟམས། མཚན་ནོར་བུ་བསམ་འཕེལ་བཏགས། དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བས་རྒྱལ་དབང་འབྲུག་པ་བདུན་པའི་སྤྲུལ་སྐུར་ལུང་བསྟན། རྗེ་དེ་ལ་གཙུག་ཕུད་ཕུལ། མཚན་དཀར་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མ་ཞེས་གསོལ། དྲུག་པར་གསང་གླིང་དུ་ཁྲིར་གསོལ་ཞུས། བཅུ་པར་བདེ་ཆོས་སུ་ཕེབས་ཏེ། འཇམ་དཔལ་དཔའ་བོའི་མདུན་ནས་དགེ་ཚུལ་བཞེས། མཚན་མི་ཕམ་ཀུན་གཟིགས་ཆོས་ཀྱི་སྣང་བར་གསོལ། འབྲུག་པའི་དབང་ལུང་གདམས་ངག་རྒྱ་ཆེར་གསན། བཅོ་ལྔའི་ཐོག་རྗེ་བཀའ་བརྒྱད་ཕྲིན་ལས་ཡར་འཕེལ་མདུན་དུ། ལོ་དྲུག་བདུན་ཙམ་འབྲལ་མེད་དུ་བསྟེན་ཏེ། སུམ་རྟགས། སྙན་ངག སྡེབ་སྦྱོར། ལྷ་བྲིས་སོགས་རིག་གནས་དང༌། ཆོས་དྲུག་ཕྱག་ཆེན་སོགས་དབང་ལུང་ཁྲིད་གསན། རྩ་བའི་བླ་མར་འཛིན། བཅུ་བཞི་བར་ངག་དིབ་པ་དང་ཐུགས་རིག་མི་གསལ་བས། རྗེ་བཀའ་བརྒྱད་རིན་པོ་ཆེར་བཀའ་དབང་གསན་ནས། སེང་དྲག་ཏུ་སོང་། འཛི་སྒར་བཞི་པ་ལས། དབང་ལུང་མང་པོ་དང་། ཀརྨ་པ་བདུད་འདུལ་རྡོ་རྗེའི་ཞལ་སྔ་ནས། སི་ཏུ་པདྨ་ཉིན་བྱེད་དང་ལྷན་ཅིག་བསྙེན་པར་རྫོགས། བཀའ་ཆོས་ཀྱང་མང་པོ་གསན། བྱར་ཕུ་ནགས་དགོན་དུ་ལོ་གསུམ་དང་། ཙ་རི་ཅིག་ཅར་བཅད་རྒྱར་བཞུགས་སྐབས་མཁའ་འགྲོའི་གསང་ལམ་ནས་རྡོ་རྗེ་གདན་དང༌། ཨོ་རྒྱན་གྱི་དྷུ་མ་ཐ་ལ་མཁའ་འགྲོའི་གྲོང་ཁྱེར་རྣམས་སུ་ཟླ་བ་གཅིག་གི་རིང་སྐུ་དངོས་ཕེབས་ཏེ་ཆོས་གསུངས་པ་དང༌། བསམ་ཡས་མེས་འཇིག་ནས་ཞིག་གསོའི་རབ་གནས་མཛད་ཚེ། དབུ་རྩེར་འཇའ་འོད་སོགས་ངོ་མཚར་མང༌། ལ་དྭགས་རྒྱལ་པོས་གདན་ཞུས་ལྟར། ཝཾ་ལེ་བདེ་ཆེན་རྣམ་རྒྱལ། ཧེ་མི་བྱང་ཆུབ་དགོན། ལྕེ་བདེ་ཐེག་མཆོག་གླིང༌། ཤེལ་དཀར་རྫོང་རྣམས་སུ་རྒྱལ་པོ་ཡབ་སྲས་སོགས་སེར་སྐྱ་ཐམས་ཅད་ལ་ཆོས་ཀྱི་གྲུ་ཆར་ཕབ། མངའ་རིས་དང་དབུས་གཙང་གི་གནས་ཆེན་ཕལ་ཆེར་ཞབས་བསྐོར་བ་མཛད། ཀརྨ་པ་བཅུ་བཞི་པ་ངོས་འཛིན་གནང་ནས། དབང་ལུང་མང་པོ་ཕུལ། ཕྱིས་བསྙེན་རྫོགས་ཀྱི་མཁན་པོའང་མཛད། དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ་ལ་སྒྲུབ་ཐབས་རིན་འབྱུང་སོགས་གནང་ནས་རྗེས་སུ་བཟུང༌། སྐུ་དུས་འདིར་བལ་བོད་དུས་ཟིང་སོགས་ཀྱི་སྐབས་ཡིན་པས། བསྟན་འགྲོའི་མཛད་པ་རླབས་ཆེན་བསྐྱངས་བའི་མཐར། དགུང་ལོ་ང་ལྔ་པ་ཆུ་རྟ་ ༡༨༢༢ ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ལ་གཟུགས་སྐུ་བསྡུས་སོ། །སློབ་མ་ནི། ཡོངས་འཛིན་ལྔ་པ། ཆོས་མགོན་དྲུག་པ། ཅོག་གྲྭ་བསྟན་པའི་ཉི་མ་མཆེད། དྲེའུ་ལྷས་གྲུབ་དབང་སྤྲུལ་སྐུ། ཁམས་སྤྲུལ་ལྔ་པ། འཛི་སྒར་ཆོས་ཀྱི་ཉི་མ། དཔལ་པད་གཉིས། འཁྲུལ་ཞིག་སྤྲུལ་སྐུ། བཀའ་བརྒྱད་སྤྲུལ་སྐུ། བྱམས་མེ་མི་ཕམ་ཀུན་བཟང་ཕྲིན་ལས། ཨ་རྫོང་སྤྲུལ་སྐུ། སྔགས་གྲྭ་སྤྲུལ་སྐུ་མཐུ་སྟོབས་འགྱུར་མེད། རིག་འཛིན་ཆོས་རྒྱལ་རྡོ་རྗེ། སོག་རྩེ་སྤྲུལ་སྐུ། བསམ་གླིང་སྤྲུལ་སྐུ། བསྟན་འཛིན་ཆོས་ཀྱི་དབང་པོ། བྲག་དཀར་ཆོས་ཀྱི་དབང་ཕྱུག་སོགས་སློབ་ཚོགས་ཤིན་ཏུ་མང༌། གསུང་འབུམ་ཡང་པོད་བཞི་ཙམ་ད་ལྟ་བཞུགས་སོ། །

{{#arraymap:འབྲུག་ཆེན་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བ་

|; |@@@ | | }}