69014

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་པ་རིན་པོ་ཆེ་ཤེས་རབ་རྡོ་རྗེ་ (1)
Part of speech མིང་ཚིག
Definition འབྲུག་པ་རིན་པོ་ཆེ་ཤེས་རབ་རྡོ་རྗེའམ་ངག་དབང་དཔལ་བཟང་པོ་མཆོག་ནི། འབྲུག་རྒྱལ་ཁབ་ཀྱི་ཤར་ཕྱོགས་མོང་སྒར་གྱི་ཆབ་འོག་ཐེམ་ནང་སྦིར། ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རྒྱུད་ལས། ཡབ་སངས་རྒྱས་ཕྲིན་ལས་དང༌། ཡུམ་སྲིད་རྒྱལ་མོ་ཟུང་གི་སྲས་སུ་༡༨༧༢ ལོར་བལྟམས། ཡབ་དང་ལྷན་འབྲུག་གཞུང་ཕྱོགས་སུ་ཕེབས། དགུང་གྲངས་བརྒྱད་ལ། གཅེན་པོས་སློབ་དཔོན་ཀོ་ཏ་སྤུངས་ཐང་གཞུང་གྲྭ་ཚང་གི་སྒྲིགས་ཞུགས་སུ་བཞག། གཅེན་གྱིས་འབྲི་ཀློག་དང་ཕྱག་ལེན་སོགས་བསླབས། ང་མི་གྲལ་དུ་ཚུད་ཙམ་བྱུང་བ། གཅེན་པོའི་བཀའ་དྲིན་ཡིན་ཞེས། ཕྱིས་ཡང་ཡང་གསུངས། ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱི་དྲུང་ནས། འབྲུག་སྐོར་ཡོངས་རྫོགས་གསན། བཅུ་བདུན་ལ། ཆོས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་གིས། དགེ་འདུན་ན་གཞོན་ཉེར་གཅིག་མདོ་སྔགས་ལ་ཐོས་བསམ་ཕྱིར། བུམ་ཐང་དུ་གཏོང་དགོས་བཀའ་ཕེབས་ལྟར། སྐུ་མཆེད་གཉིས་སོགས་བུམ་ཐང་དུ་བྱོན། དགེ་བཤེས་སྐལ་བཟང་བརྩོན་འགྲུས་དྲུང་ནས། གཞུང་ཆེན་རྣམས་ལ་གསན་བསམ་མཛད། ཉེར་བཞི་ལ་དགའ་བྱང་གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན་མདུན་ནས། གསང་འགྲེལ་བཞི་སྦྲགས་ཀྱིས་མཚོན། དུས་འཁོར་དང༌། བདེ་གསང་འཇིགས་གསུམ་སོགས། སྨིན་གྲོལ་མང་དུ་གསན། སོ་དྲུག་ལ་གཅེན་གློ་བུར་དུ་གཤེགས་པས། སྐྱོ་ཤས་བཅས་དགོངས་རྫོགས་བསྒྲུབས་རྗེས། བོད་ལ་གནས་སྐོར་ཕེབས། ཇོ་བོའི་མདུན་བཟང་སྤྱོད་འབུམ་གསོག་མཛད། སླར་བུམ་ཐང་དུ་ཕེབས། གྲུབ་ཆེན་ཀུན་བཟང་འཇིགས་མེད་ཀྱི་དྲུང་ནས། རིག་འཛིན་རྒོད་ལྡེམ་ཅན་གྱི་ཟབ་གཏེར་སྐོར་རྣམས་གསན། སྨྱུང་གནས་བླ་མ་ངག་དབང་ཆོས་དབང་རྡོ་རྗེ་ལའང་སྨྱུང་གནས་ཀྱི་དབང་ལུང་ཁྲིད་རྣམས་གསན་རྗེས། སྲིན་མོ་བྲག་ལ་ཡུན་རིང་ཙམ་བཞུགས། ཞེ་གཅིག་ལ་བོད་དུ། གྲྭ་སྡིངས་པོ་ཆེར། ཅོག་གྲྭ་ཆོས་ཀྱི་རྒྱལ་མཚན་ལས། ཕྱག་ཆེན་དང་ཆོས་དྲུག་སོགས་ཡོངས་རྫོགས་གསན། ཤཱཀྱ་ཤྲཱིའི་མདུན་ནས། ཕྱག་རྫོགས་ཀྱི་གདམས་ཁྲིད་བཞེས། ཤིང་ཡོས་ ༡༩༡༥ ལོར་གྲུབ་དབང་རིན་པོ་ཆེ་དང་ཆོས་རྒྱལ་ཨོ་རྒྱན་དབང་ཕྱུག་རྣམ་གཉིས་ཐུགས་གཅིག་མཚུངས་ཀྱིས། བལ་ཡུལ་འཕགས་ཤིང་ཉམས་གསོ་དང་། སྔར་གྱི་དགོན་རྙིང་དེ། བལ་པོས་འགྲོ་གྲོན་བཏང་སྟེ། ཐོག་གཉིས་གྲྭ་ཤག་བཅས་གསར་བཞེངས་གནང༌། དགུང་གྲངས་ལྔ་བཅུ་ལྕགས་བྱ་ལོར། སྐྱིད་གྲོང་བྱམས་སྤྲིན་ལྷ་ཁང་གི་ཉེ་འདབས་སུ། བཙུན་དགོན་ཐུགས་རྗེ་ཆོས་གླིང་ཕྱག་བཏབ། རྗེ་འདིས་ཙུམ་དུ་སྨུ་བདེ་ཆེན་ལྷུན་གྲུབ་དགོན། རྭ་ཆེན་བྱང་ཆུབ་ཆོས་གླིང༌། བྷིས་ཁུང་བཀྲ་ཤིས་འཆི་མེད་དགའ་ཚལ་སོགས་དགོན་པ་ཆེ་ཆུང་དགུ་ཙམ་གསར་དུ་ཕྱག་བཏབ་པར་གྲགས། གསུང་རྩོམ། ལམ་རིམ་སྐལ་བཟང་ཐར་པར་བགྲོད་པའི་ཐེམ་སྐས། སོགས་པོད་གཉིས་བཞུགས། དགུང་ལོ་དོན་བཞི་པ་ཤིང་བྱ་ ༡༩༤༥ ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་གསུམ་ལ་དགོངས་པ་གཤེགས། སྐུ་གདུང་ལ་བཅུ་གཅིག་ཞལ་དང་འོད་དཔག་མེད་སོགས་ལྷ་སྐུ་རིང་བསྲེལ་མང་པོ་བྱོན། ཞལ་སློབ་གཙོ་བོ། སློབ་དཔོན་ཚེས་བཅུ་རིན་པོ་ཆེ། བྲག་དཀར་རིག་འཛིན་ཕྲིན་ལས་ཆོས་དབང༌། སྐུ་ཞབས་བསྟན་འཛིན། དགེ་སློང་བསམ་གཏན་དགེ་བཟང༌། མཚམས་པ་ཐར་པ་རྒྱལ་མཚན། ཉེ་གནས་ངག་དབང་རྒྱལ་མཚན། དགེ་བཤེས་པདྨ་ཚེ་རིང༌། དགེ་སློང་ཚེ་དབང༌། འབྲུག་སེ་བ་ལ་པདྨ་རྡོ་རྗེ། སྨྱུང་གནས་མ་ཉི་མ་སྒྲོལ་མ། དམ་ཆོས་བཟང་མོ་སོགས་བཟང་ལ་མང་བ་བྱུང་ངོ༌། །

{{#arraymap:འབྲུག་པ་རིན་པོ་ཆེ་ཤེས་རབ་རྡོ་རྗེ་

|; |@@@ | | }}