69031
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་རྒྱས་པར། ར་ལུང་མེ་ཏོག་མདང་འཕྲོག་ཅེས་ཞུ། ལྷ་ས་ནས་རྒྱ་མཚོའི་ངོས་ལས་སྤྱི་ལེ་ ༤༨༥༢ ཙམ་མཐོ་བའི་གམ་པ་ལ་བརྒྱབ། དེ་ནས་སྣ་མཁར་རྩེ་བརྒྱུད་ལྷོ་བྲག་དང་རྒྱལ་རྩེར་འགྲོ་སའི་ལམ་ཁ་རག་ནས་མྱང་སྟོད་ཁ་རིའི་ལ་རྒྱབ་ལམ་ཟུར་གྱི་བྱང་ངོས་སུ་སྤྱི་ལེ་དྲུག་ཙམ་ན་དགོན་པ་འདི་ཡོད། དགོན་པ་འདི་ནི། རབ་བྱུང་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༡༩༣ ལོར་ཆོས་རྗེ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས་ཕྱག་བཏབ། ར་ལུང་ཞེས་པའི་མིང་བྱུང་ཚུལ་ནི། འབྲོག་པ་ཞིག་ལ་ར་མོ་དཀར་པོ་ཞིག་ཡོད་པ་རྟག་ཏུ་བོར་བརླགས་སོང་ཡང་སླར་རང་ལོག་ཡོང་ཚུལ་གྲུབ་ཆེན་གླིང་རས་པ་དང་། རྒྱ་རས་ལ་ཞུས་པར་ཁོང་རྣམས་ལྷན་དུ་ད་ལྟའི་དགོན་གནས་སུ་ཕེབས་པས། དེར་ར་དེ་ཉལ་བསྡད་ཡོད་པ་ལངས་པའི་འོག་ཏུ་རྡོ་ལེབ་ཅིག་སྟེང་རའི་འོ་མ་བབས་ཤུལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པའི་རང་བྱོན་འབུར་དོད་དུ་ཡོད་པ་ (རང་བྱོན་གྱི་རྡོ་དེ་ཕྲེང་འགོ་སྣ་ཕུ་ཆོས་ལུང་ཞེས་པར་ཡོད་ཚུལ་གསུངས་) གཟིགས་ཏེ། ར་ཡིས་ལུང་བསྟན་པ་ལྟར་བྱུང་བས་དགོན་མིང་ལའང་ར་ལུང་ཞེས་བཏགས། དགོན་འདིར་ཐུན་མོང་མ་ཡིན་པ་ཕྱིའི་གནས་ལ་ཁྱད་འཕགས་བཞི་དང་། ནང་གི་གནས་ལ་ཁྱད་འཕགས་བཞི། གསང་བའི་གནས་ལ་ཁྱད་འཕགས་བཞི། དེ་ཁོ་ན་ཉིད་ཀྱི་གནས་ལ་ཁྱད་འཕགས་གཅིག་བཅས་ཁྱད་འཕགས་བཅུ་གསུམ་དང་ལྡན་པ་ཞེས་གསུངས་ལ། དེ་ལས་མཆེད་པའི་ཆོས་བརྒྱུད་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་ས་ཡི་རྩི་ཤིང་། བར་འབྲུག་དབུ་ཆེན་གདུགས་ཐོག་པ་ཉིས་སྟོང་ལྔ་བརྒྱ་ཞེས་སོགས་གྲགས་པ་ཡིན། དགོན་འདིར་ཡང་དགོན་ཕོ་བྲང་ནང་། རྟེན་གཙོ་རྒྱ་རས་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་སོགས་དང། མགོན་པོ་ཕྱག་བཞི་པའི་མགོན་ཁང་ནང་། རྟེན་གྱི་གཙོ་བོ་དཔལ་རྒ་ལོས་ཀླུ་ཡུལ་ནས་གདན་དྲངས་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པ་རྡོ་ནག་ལས་གྲུབ་པ་ཁྲུ་གང་མ་སོགས་དང་། བཀྲ་ཤིས་སྒོ་མང་གི་མཆོད་རྟེན། མཆོད་རྟེན་འདིའི་མཐོ་ཚད་ལ་ཐོག་བརྩེགས་བཅུ་བཞི་དང་། ལྷ་ཁང་བསྡོམས་ཁང་མིག་བཞི་བཅུ་ཞེ་ལྔ་ཡོད། གསང་བའི་ལྷ་ཁང་དམར་པོ། ཐོག་ཚད་གསུམ། རྟེན་གྱི་གཙོ་བོ་ཆོས་རྗེའི་སྐུ་ཚིགས་ལས་འཁྲུངས་པའི་སྤྱན་རས་གཟིགས་ཁརྶ་པ་ཎི་བྱིན་ཅན་སོགས་དང་། རྡོ་རྗེ་སེམས་དཔའི་ཕོ་བྲང་། ཀ་བ་བཅོ་བརྒྱད་ཐོག་བརྩེགས་བཞི་ལས་གྲུབ་པ། རྟེན་གཙོ་རྡོར་སེམས་ཐོག་བརྩེགས་གསུམ་ཅན་མ་སོགས་དང། སྤོས་སྐྱའི་གཙུག་ལག་ཁང་ཐོག་བརྩེགས་བཞི་ཅན། ཀ་བ་བཅོ་བརྒྱད་རྟེན་གྱི་གཙོ་བོ་དཔལ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྐུ་གདུང་རིལ་བུ་གསེར་ཟངས་འཛམ་གླིང་རྒྱན་གཅིག་ཐོག་བརྩེགས་གཉིས་ལྷག་ཙམ་སོགས་ཁྱད་དུ་འཕགས་པའི་ནང་རྟེན་བཅས་མང་དུ་བཞུགས་ཡོད། དགོན་པ་འདི་ཕྱག་བཏབ་པ་ནས་ད་ལྟའི་བར་དུ་ལོ་ངོ་ ༨༢༡ ཙམ་སོང་འདུག |
{{#arraymap:འབྲུག་ར་ལུང་དགོན་
|; |@@@ | | }}