69046
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི། ཡབ་ནང་སོ་རིན་ཆེན་བཟང་པོ་དང༌། ཡུམ་མགོན་མོ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཤིང་ཕག་ ༡༤༥༥ ལོར་བལྟམས། མིང་ཚེ་དབང་རྒྱལ་པོའང་ཟེར། རབ་ཏུ་བྱུང་བའི་མཚན་ཀུན་དགའ་ལེགས་པ་གསོལ་བར་སྣང༌། དགུང་ལོ་བདུན་ཙམ་ལ། ཡབ་སྣེལ་བ་ཕྱོགས་ཀྱིས་བསྐུམས་ཤིང༌། ཡུམ་ཨ་ཁུའི་ཆུང་མར་གྱུར། རིན་སྤུངས་ཀུན་བཟང་པའི་ཕྱག་ཕྱིར་ལོ་དྲུག་བཞུགས། ཆོས་ཤིག་མ་ནུས་ན་གང་ལའང་སྙིང་པོ་མི་འདུག་དགོངས་ནས་དབུས་སུ་བྱོན། ར་ལུང་དུ་ཐོག་ཅིག་བཞུགས། གཙོ་བོར་རྒྱལ་དབང་རྗེའི་དངོས་སློབ། རྟོགས་ལྡན་ཆེན་པོ་ལྷ་བཙུན་པ་ཀུན་དགའ་ཆོས་རྒྱམ་ལས། བརྡ་རྩ་དང་སྙིང་པོའི་སྐོར་དང༌། དགེ་སློང་བསོད་མཆོག་པ་ལས། ཕྱག་ཆེན་དང་རོ་སྙོམས་ཆ་ཚང་དང་གཏུམ་མོའི་ཁྲིད་གསན། བླ་མ་གནས་རྙིང་ཆོས་རྗེ་ལས་དགེ་བསྙེན་དགེ་ཚུལ་ཞུས། ཞྭ་ལུ་མཁྱེན་རབ་པ་ལས་དགེ་སློང་བཞེས། ཀོང་པོ་སངས་རྒྱས་སོགས་རིས་མེད་ཀྱི་མཁས་གྲུབ་ཡོངས་རྫོགས་ལ་ཐོས་བསམ་མཐིལ་ཕྱིན་མཛད། སྡོམ་པ་གསུམ་ཀ་སྔགས་ཀྱི་སྡོམ་པར་འདུས་ཤིང༌། སེམས་ཀྱི་དམ་ཚིག་རང་བཞིན་ཡོངས་ཤེས་འདི་གཅིག་པུར་འདུ་བར་དགོངས་ནས། ཆོས་གོས་གསུམ་དཀོན་མཆོག་ལ་ཕུལ། མ་ངེས་བརྟུལ་ཞུགས་ཀྱི་སྤྱོད་པས། དགུང་ལོ་ཉེར་ལྔ་ནས་དབུས་དང་གཙང༌། མངའ་རིས་དང་མདོ་ཁམས། ལྷོ་མོན་ཁ་བཞི་ལ་སོགས་པའི་གདུལ་བྱའི་ཞིང་ཐམས་ཅད་དུ། ས་གཉན་ལ་ས་འདུལ། ཆུ་མེད་ལ་ཆུ་གཏེར། ནོར་མེད་ལ་ནོར་སྦྱིན། བུ་མེད་ལ་བུ་སྦྱིན། ཆོས་མེད་ལ་ཆོས་འབྲེལ། ལམ་མེད་ལ་ལམ་སྟོན་སོགས། མངོན་མཁྱེན་དང་རྫུ་འཕྲུལ་བསྟན་པ། སྨོས་ཀྱིས་མི་ལངས་ཤིང༌། གྲུབ་རྟགས་དང་གདམས་ངག་ཉམས་མཚར་དང་སྦྲགས་པའི་རྣམ་ཐར་ཤིན་ཏུ་མང་ངོ༌། །མཐར་ར་ལུང་དུ་ཕེབས་ཏེ། དབོན་རིན་པོ་ཆེ་ངག་དབང་ཆོས་རྒྱལ་མཇལ། འོ་ཀུན་དགའ་ལེགས་པ། ད་རྒས་དུས་སུ་ས་མཐའ་མ་སྐོར་ཟེར་བ་ལྟར། གནས་གཅིག་ཏུ་བཞུགས། འཚོ་རྐྱེན་རང་ནས་འབུལ་ཆོག་སོགས་གསུངས་པར། དེ་བཞིན་ཞལ་གྱིས་བཞེས་ནས། སྤོས་སྐྱའི་གཟིམ་ཁང་དུ་རེ་ཞིག་བཞུགས། དེ་ནས་སྣང་ཀ་རྩེར་སྦྱིན་བདག་གིས་སྤྱན་དྲངས་ཚེ། ཞབས་གཡས་པར་འཇའ་འོད་ཟུག་པ་ཀུན་གྱིས་མཐོང༌། དེ་མྱ་ངན་ལས་འདའ་བའི་མཚན་མར་གཟིགས་ནས། སྟོད་ལུང་ལམ་འཕར་དགོན་དུ། སྲས་དཔལ་ལྡན་ཞིང་སྐྱོང་འབྲུག་གྲགས་སར་ཞག་འགའ་བཞུགས། སྐུ་མཉེལ་བའི་ཚུལ་བསྟན་ཏེ། ང་དྲུག་བཞེས་པ་རབ་བྱུང་དགུ་པའི་ལྕགས་རྟ་ ༡༥༡༠ ལོའི་ཟླ་བ་དང་པོའི་ཉ་ལ། དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཕྱིས་སྐུ་གདུང་ཞུགས་ལ་ཕུལ་བའི་དུས་སུ། སྐུ་རུས་ལ་ལྷ་སྐུ་དང་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས། སྟོད་ལུང་ལམ་འཕར་དགོན་པའི་དངུལ་འབུམ་ཆེན་པོའི་ནང་དུ་བཞུགས་པར་གྲགས། རྗེ་འདིའི་གདུང་སྲས་བསྟན་པ་འཛིན་ནུས་པ་ནི། ར་ལུང་བཙུན་མ་ཚེ་དབང་དཔལ་འཛོམས་ཀྱི་སྲས་ཞིང་སྐྱོང་འབྲུག་གྲགས་དང༌། ལྷོ་པ་གནས་མོ་དཔལ་བཟང་བུ་ཁྲིད་ཀྱི་སྲས་ངག་དབང་བསྟན་འཛིན་གཉིས་བྱུང་ཞིང༌། ཕྱིས་ཡབ་སྲས་གསུམ་ལས་གདུང་རྒྱུད་དང་སྤྲུལ་བརྒྱུད་དུ་མ་ཞིག་ཀྱང་བྱོན་ནས། ལྷོ་བོད་གཉིས་སུ་དཔལ་ལྡན་འབྲུག་པའི་བསྟན་པ་ལ་བཀའ་དྲིན་ཆེ་བར་བྱུང་ངོ༌། ། |
{{#arraymap:འབྲུག་སྨྱོན་ཀུན་དགའ་ལེགས་པ་
|; |@@@ | | }}