69480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་ཐུགས་སྲས་ངག་དབང་འགྱུར་མེད་ (1)
Part of speech མིང་ཚིག
Definition ཁོང་ནི། ཡབ་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཆོས་ཀྱི་དབང་པོ་དང༌། ཡུམ་ཤཱཀྱ་ཤྲཱིའི་སྲས་མོ་ཕུར་པ་ལྷ་མོ་ཟུང་གི་སྲས་སུ། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ ༡༩༡༧ ལོར་འཁྲུངས། ཡུམ་གྱི་ལྷུམས་སུ་བཞུགས་དུས་ནས། འཛི་སྒར་བདུན་པས། ཁམས་འཛི་སྒར་དགོན་དུ་གནང་གྲུབ་པའི་གསོལ་བཏབ་ངོར། རྒྱལ་དབང་འབྲུག་པས་ཞལ་བཞེས་ལེགས་པར་གནང་སྟེ། སྐུ་ཚད་ལོན་པ་དང་འཛི་སྒར་དུ་ཁྲི་གསོལ་ཞུས། འཛི་སྒར་ཐུགས་སྲས་ཞེས་པའི་མཚན་ཡོངས་སུ་གྲགས། ཀློག་སློབ་མཐར་ཕྱིན་ནས། བཤད་གྲྭར། མདོ་སྔགས་རིག་གནས་ལ་མཁས་པར་གྱུར། ཆོས་མགོན་བརྒྱད་པ་མཆོག་དང༌། གྲུབ་སྲས་འཕགས་མཆོག་རྡོ་རྗེ། འཁྲུལ་ཞིག་པདྨ་ཆོས་རྒྱལ། འཛི་སྒར་བདུན་པ། གྲུབ་དབང་དཔག་བསམ་རྒྱ་མཚོ། འབྲུག་པ་བསོད་ནམས་བཟང་པོ་སོགས། མཁས་གྲུབ་དུ་མའི་དྲུང་ནས་དབང་དང་ཕྱག་རྫོགས་ཀྱི་གདམས་པ་དཔག་མེད་གསན། འཛི་ལྡེམ་ཆེན་གཡུ་རུའི་སྒྲུབ་སྡེ་དང༌། དེའི་ཡང་དབེན། པདྨ་འོད་ཕུང་འཁྱིལ་བ་རྣམས་སུ་ལོ་དགུ་ཙམ་ལ་བསྙེན་སྒྲུབ་མཛད། འཛི་སྒར་བདུན་པ་ཞི་བར་གཤེགས་རྗེས་ཆོས་སྡེའི་ཐུགས་འགན་ལོ་མང་བཞེས་ནས། བཤད་སྒྲུབ་གཉིས་དར་སྤེལ་རྒྱ་ཆེར་གནང་བ་དང༌། ཕྱག་རྫས་གང་ཡོད་སྤོང་ཐག་མཛད་དེ། མགོན་སྒྲུབ་ཀྱི་ཐེབས་རྩར་འཛུད་པ་སོགས་མཛད་རྗེས་ཆེ། ས་ཁྱི་ལོར་བོད་དབུས་ཀྱི་གདན་ས་བྱར་གསང་སྔགས་ཆོས་གླིང་དུ་ཕེབས། དེར་བདེ་མཆོག་བཅུ་གསུམ་མའི་སྒྲུབ་མཆོད་གསར་འཛུགས་དང༌། འཛི་སྒར་མཁན་པོ་ནོར་གཡང་དང༌། པད་སྙིང་མཁན་པོ་ཨ་ཁྱུང་མཁན་ཁྲིར་མངའ་གསོལ་ནས། ལོ་ངོ་གཉིས་ཙམ་དུས་ཟིང་མ་བྱུང་གི་བར་བཤད་གྲྭ་གསར་དུ་བཙུགས་པའི་བདག་རྐྱེན་གནང༌། རྒྱ་དམར་གྱི་དུས་ཟིང་སྐབས། རྒྱལ་དབང་འབྲུག་པ་མཆོག་གིས་དབུས་བཙན་བྱོལ་དུ་ཕེབས་ཏེ། རྒྱ་གར་ཨ་སམ་ཕྱོགས་སུ་བྱོན། ནུབ་བྷངྒ་ལིང་སྦག་ས་རིས་མེད་ཆོས་སྒར་ཆེན་མོར་ལོ་གཅིག་ཙམ་བཞུགས། ལྕགས་གླང་ ༡༩༦༡ ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ལ། རྡོར་གདན་དུ་བོད་ཀྱི་ཆོས་བརྒྱུད་བཞིའི་བླ་ཆེན་རྣམས་ལྷན་འཛོམས་ཐོག་སྨོན་ལམ་ཐེངས་དང་པོ་ཚུགས་སྐབས་མཉམ་ཞུགས་གནང༌། འཕགས་ཡུལ་རྡོ་རྗེ་གླིང་ཌ་ལི་ཁུལ་དུ། ས་ཆ་གཟིགས་རྗེས་ཆུ་བྱི་ ༡༩༧༢ ལོར་གཙུག་ལག་ཁང་དབུ་ཚུགས་ནས། འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་ཞེས་གསོལ། ལ་དྭགས་སུ་དགེ་ཚུལ་སློང་བརྒྱ་ཕྲག་དུ་མ་གསར་དུ་བསྒྲུབས་གནང་མཛད། ཧེ་མི་བྱང་ཆུབ་གླིང་སོགས། དགོན་པ་དང་སྒྲུབ་སྡེ་རྙིང་པ་མང་པོ་ཉམས་གསོ་གནང་ཞིང༌། དཔལ་འཁོར་ལོ་སྡོམ་པའི་དབང་ཆེན་སོགས་གང་འདོད་ཀྱིས་ཁྲིད་ལུང་དབང་གསུམ་རྒྱ་ཆེར་བསྩལ། གཞན་ཡང་ལྷོ་འབྲུག ཕ་རན་སི་སོགས་རྒྱལ་ཁབ་ཕྱི་ནང་ཆེད་ཕེབས་གནང་། རྒྱལ་དབང་བཅུ་གཅིག་པ་དང་བཅུ་གཉིས་མངའ་གསོལ་ཁྲི་འདོན་ནས་བཟུང༌། དཔལ་ལྡན་འབྲུག་པའི་བཤད་སྒྲུབ་ཀྱི་བསྟན་པ་ལ་མཛད་རྗེས་ཆེན་པོ་གནང་བའི་མཐར། དགུང་གྲངས་རེ་བདུན་པ་ཆུ་ཕག་ ༡༩༨༣ ལོའི་ཟླ་བ་དང་པོའི་ཚེས་ཉེར་བཞི་ལ་ཞི་བར་གཤེགས་སོ། །ཞལ་སློབ་ནི། རྒྱལ་དབང་བཅུ་གཅིག་དང་བཅུ་གཉིས། མཁན་ནོར་གཡང༌། མཁན་ཆེན་དོན་བརྒྱུད་ཉི་མ། བླ་མ་སངས་རྒྱས་ཕྲིན་ལས། དཔལ་ཆེན་བླ་རྒན་བཀའ་ཡེ་ཤེས། བླ་མ་དབང་རྡོར་སོགས་སློབ་ཚོགས་ཤིན་ཏུ་མང་ངོ་། །

{{#arraymap:འཛི་སྒར་ཐུགས་སྲས་ངག་དབང་འགྱུར་མེད་

|; |@@@ | | }}