69481
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཛི་སྒར་དང་པོ་མཁས་གྲུབ་བསོད་ནམས་རྒྱ་མཚོ་མཆོག་ནི། མདོ་སྟོད་ལྷོ་ཚ་བ་སྒང་དུ། ཡུམ་ཁྲོམ་བཟའ་མེ་ཏོག་མ་ཞེས་པའི་སྲས་སུ། རབ་བྱུང་བཅུ་པའི་ས་སྤྲེལ་ ༡༦༠༨ ལོར་འཁྲུངས། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས། ས་སྐྱ་བོ་ལུང་པ་ཤར་བསྟན་ཞིག་ལ། དགོན་པ་ཡོད་པ་རྗེས་སུ་དྲན། རྗེ་རྒོད་ཚང་པའི་སྐྱེ་བར་ཞལ་གྱིས་བཞེས། བཅུ་གསུམ་པར། ཁམས་གྲུབ་དབང་ཀརྨ་བསྟན་འཕེལ། ཟླུམ་པོ་ཐང་དུ་ཅོག་སྒར་གྱི་དབུས་སུ་མཇལ་བས། མི་ཕྱེད་པའི་དད་པ་ཐོབ། གཞུང་ཤོད་བྱང་རར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ། མཚན་བསོད་ནམས་རྒྱ་མཚོར་བཏགས། དབང་ཆོས་བུམ་པ་གང་བྱོ་གནང་བས། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བཅུ་དགུ་ཙམ་ལ་ལྷོ་སྟོད་ལྕང་ར་དཔལ་འབར་དུ། ཀུན་མཁྱེན་གྱི་དངོས་སློབ། རྗེ་ལོ་ཙཱ་བ་སངས་རྒྱས་དཔལ་བཟང་གི་མདུན་ནས། སྒྲ་ཀ་ཙན་ནས་བཟུང་ཐུན་མོང་གི་རིག་གནས་ཀུན་དང༌། ཐུན་མིན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་དང་ནཱ་རོའི་བསྲེ་འཕོ། སྙན་རྒྱུད་ནོར་བུ་སྐོར་གསུམ་སོགས་ཁྲིད་ཆེན་ཕལ་མོ་ཆེ་རྣམས་གསན། ཀུན་མཁྱེན་གྱི་དཀྱིལ་ཆོག་ཉི་ཤུ་རྩ་གཅིག་གི་ཕྱག་ལེན་ཞལ་ཤེས་དང་བཅས་པ་བསླབས་ཏེ། མདོ་རྒྱུད་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན། སླར་ཁམས་ཀརྨ་བསྟན་འཕེལ་གྱི་དྲུང་དུ་བྱོན། ཁྱོད་ཐ་སྙད་བསླབ་སྦྱང་ལ་ཡེངས་ནས། དགེ་སྦྱོར་བསྐྱུར་འདུག་ན། འོ་སྐོལ་གཉིས་ཁ་མཆུ་ལ་འགྲིག་ཐབས་མེད་པ་ཡོང༌། གཞན་རྟེན་འབྲེལ་འགྲིགས་བྱུང་གསུངས་པར། རྟོགས་འབུལ་མཛད་པས། དགེ་སྦྱོར་ལ་འཕེལ་བསྐྱེད་བྱུང་འདུག་གསུང་ནས་ཤིན་ཏུ་མཉེས། ཁོ་བོར་དབང་བའི་ཆོས་ཀྱི་བདག་པོ་ཁྱོད་ཡིན་གསུང་ནས། གཟེངས་བསྟོད་མཛད། བྱམས་མདུན་དགོན་གསར་དུ། སློབ་དཔོན་ལོ་གསུམ་ཙམ་བཞུགས། བེ་རྒྱལ་གྱི་འཚེ་བ་ཆེ་གཤིས། སྟོད་ཕྱོགས་སུ་ཕེབས་ནས་སྒྲུབ་པ་གཙོར་འདོན་མཛད་ཅིང་བཞུགས། རྨི་ལམ་དུ་བླ་མ་གཤེགས་པ་གཟིགས་པས། ཐུགས་ཡུས་ཀྱིས་བརྒྱལ་བ་ཙམ་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ ༡༦༤༦ ལོར་ཚོགས་བརྒྱའི་དགོན་པ་བཏབ། ཁམས་སྤྲུལ་ཡང་སྲིད་བརྩལ་འདོན་གནང་ནས། དབུས་སུ་སྤྱན་དྲངས། སླར་ཁམས་སུ་ཕེབས། རྒྱ་སྟོན་བསོད་ནམས་རིན་ཆེན། མགར་སྤྲུལ་སྐུ་བསྟན་འཛིན། སྒམ་པོ་བ་བཟང་པོ་རྡོ་རྗེ། སྟག་ལུང་བཀྲ་ཤིས་དཔལ་གྲུབ། ནང་སོ་དཀོན་མཆོག་རྒྱལ་པོ། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ལ་ཆོས་འབྲེལ་གསན། གསུང་རྩོམ། རང་རྣམ་ཚིགས་སུ་བཅད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་འཇུག་ངོགས། ཕྱག་ཆེན་རྣལ་འབྱོར་བཞིའི་ངེས་དོན་ཟིལ་དངར་རྒྱས་བྱེད། ཕྱག་ཆེན་སྔོན་དངོས་ཀྱི་ཁྲིད་རིམ་དེ་ཁོ་ན་ཉིད་ཀྱི་ཐེམ་སྐས་བཅས་པོད་གཅིག་ཙམ་ཡོད། རེ་གཉིས་པ་ས་བྱ་ ༡༦༦༩ ལོ་གསར་གྱི་ཚེས་ལྔ་ལ་སྐུ་གཤེགས་ཚུལ་བསྟན་ཏོ། །སྐུ་གདུང་ལ་ལྷ་སྐུ་རིང་བསྲེལ་སོགས་ངོ་མཚར་བ་བྱུང༌། སློབ་མ་ཡང༌། རྒྱ་མཚོ་རྣམ་ལྔའམ་མཚོ་ལྔ་པ་དང་། གཞན་ཡང་ཁམས་སྤྲུལ་གཉིས་པ་ཀུན་དགའ་བསྟན་འཕེལ། བླ་མ་ཀརྨ་རྒྱ་མཚོ། སྤྲུལ་སྐུ་མེ་འབར་རྡོ་རྗེ། ཨ་མཁར་སྤྲུལ་སྐུ་མི་ཕམ་ཀརྨ་ཕྲིན་ལས། འཁྲུལ་ཞིག་ཕྲིན་ལས་རྒྱ་མཚོའི་དབོན་ཕྲིན་ལས་རིན་ཆེན། སྟོང་ནག་དབོན་པོ་སོགས་ཁམས་འབྲུག་ཕལ་ཆེར་གྱི་དབུ་བླར་འཛིན་པ་བྱུང་ངོ་། ། |
{{#arraymap:འཛི་སྒར་དང་པོ་བསོད་ནམས་རྒྱ་མཚོ་
|; |@@@ | | }}