69485

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོ་ (1)
Part of speech མིང་ཚིག
Definition འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོའམ་ཀརྨ་ཕྲིན་ལས་རྣམ་རྒྱལ་མཆོག་ནི། སྒ་བེ་རི་ཞེས་པར། དཔོན་ཇོ་བོ་འབུམ་གྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ ༡༧༤༠ ལོར་འཁྲུངས། སྨྲ་མཁྱེན་ཙམ་ནས་ང་འབྲུག་པ་བསོད་ནམས་རྒྱ་མཚོ་ཡིན་ཞེས་སྔོན་གནས་རྗེས་དྲན་དུ་མ་གསུང༌། དཀར་བརྒྱུད་ཕྲིན་ལས་ཤིང་རྟ་དང༌། ཀཿཐོག་རིག་འཛིན་ཆེན་པོ་དགོངས་མཐུན་གྱིས་གོང་མའི་སྐུ་སྐྱེ་འཁྲུལ་མེད་དུ་ལུང་བསྟན། མཚན་མི་ཕམ་ཕྲིན་ལས་རྒྱ་མཚོར་གསོལ། དགུང་ལོ་བརྒྱད་ལ་ཁྲིར་མངའ་གསོལ་ཞུས། བཅུ་གསུམ་ལ་དབུས་སུ་འབྲུག་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྨིན་གྲོལ་གྱི་རིམ་པ་གསན་བཞེས་དང༌། ཁྲོ་ཕུ་མཁན་ཆེན་ཤེས་རབ་རྒྱ་མཚོའི་མདུན་ནས་རིག་གནས་ལ་སྦྱངས། བཅོ་ལྔ་ལ་ཙ་རི་ཏྲར་སྐུ་མཚམས་ཀྱི་དུས་སུ་མཚན་ལྟས་དང་ལུང་བསྟན་མང་དུ་བྱུང་། བཅོ་བརྒྱད་ལ་དགོངས་གཏེར་སེང་གེ་སྒྲའི་ཆར་ཆོག་གཏན་ལ་ཕབ། ཉེར་གསུམ་ལ་དཔལ་སྤུངས་སུ་བྱོན། རྗེ་རིག་འཛིན་རྟ་མགྲིན་མགོན་པོའི་ཞལ་ཐོག་མར་མཇལ། རཏྣ་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་གསན། གསང་མཚན་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཞེས་གསོལ། སྨིན་གྲོལ་དཔག་ཏུ་མེད་པ་ཞུས། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ལས་དགེ་ཚུལ་སློང་བསྒྲུབས། མཚན་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྒྱས་པའི་སྡེ་ཞེས་གསོལ། མདོ་རྒྱུད་རིག་གནས་དང་བཅས་པའི་བཀའ་དྲིན་བསྐྱངས། གུ་རུ་པདྨ་ཀཱ་རས་རྗེས་སུ་བཟུང་ནས་མཁྱེན་བརྩེ་ནུས་གསུམ་ལ་དབང་ཐོབ། མཐུ་སྟོབས་ཆེ་བས་གདུག་འདྲེ་མ་རུངས་པ་དམ་ལ་བཞག་ཅིང༌། སྤྲིངས་ཡིག་ཙམ་གྱིས་ཀྱང་ཞི་བ་དང་སྲུང་བའི་ལས་གྲུབ། གཏེར་ཆེན་བརྒྱ་རྩའི་ཡ་གྱལ་དུ་གྲགས། འབྲུག་ཆེན་བརྒྱད་པ་ལས་ཀྱང་སྨིན་གྲོལ་དུ་མ་དང་། ཀརྨ་པ་བདུད་འདུལ་རྡོ་རྗེ་དང་ཞྭ་དམར་བཅུ་པར་ཕན་ཚུན་དབང་ལུང་གསན་བཞེས་མཛད། ང་བརྒྱད་པ་མེ་སྦྲུལ་ ༡༧༩༧ ལོར་གཤེགས་སོ། །སློབ་མའི་གཙོ་བོ་ནི། སྲས་ཀྱི་ཐུ་བོ་ཉི་མའི་དཀྱིལ་འཁོར་ལྟ་བུ་གཉིས། ཉེ་སྲས་ཉ་རྒྱས་ཟླ་བ་ལྟ་བུ་གསུམ། མཆོག་སྤྲུལ་སྐར་ཆེན་ལྟ་བུ་ལྔ། ལྷུན་པོའི་ལྕོག་ལྟ་བུ་བཞི། དཔག་བསམ་ལྗོན་པ་ལྟ་བུ་གསུམ། སེང་ཆེན་ལྟ་བུ་བཅུ། དེད་དཔོན་ལྟ་བུ་བདུན། རྟ་མཆོག་བ་ལ་ཧ་ལྟ་བུ་གསུམ། གཞན་ཡང་འབྲུག་པ་ཆོས་ལུ་སྤྲུལ་སྐུ། ལོ་རི་སྤྲུལ་སྐུ། གྲུ་གུ་ཆོས་རྒྱལ་སྤྲུལ་སྐུ། ཁྲ་ལེབ་ཉི་མ་འགྱུར་མེད་ཀྱི་སྤྲུལ་སྐུ་ཕྲིན་ལས་ཉི་མ། མཉན་པ་སྤྲུལ་སྐུ། བྱ་བཏང་དཀོན་མཆོག་བསྟན་སྲུང༌། རབ་འབྱམས་པ་ཚེ་དབང་ཀུན་ཁྱབ་སོགས་སྐྱེས་ཆེན་རྣམས་དང༌། ལ་དྭགས་རྗེ་བཙུན་མ། རི་བོ་ཆེའི་ཇོ་མོ་ཀུན་བཟང་སྒྲོལ་མ། རྗེ་ཉིད་ཀྱི་སྣག་དབོན་མ་པདྨ་ས་ག་ར། མ་ཧཱ་སུ་ཁ་ཏཱ་རེ་སོགས་དང་། བཀའ་བློན་ཆེན་པོ་ཕ་ཇོ་ལྷ་ཁང་པ། སྡེ་དགེ་གཉེར་ཆེན་སྟག་རྒྱལ། ལྷ་སྲས་དཔལ་སྐྱོང་རྣམ་རྒྱལ། དགེ་རྒྱས་དཔོན་ཁག གོ་འཇོའི་དཔོན་ཁག་སོགས་དེ་དུས་ཀྱི་ཀར་འབྲུག་རྙིང་གསུམ་གྱི་བླ་སྤྲུལ་དང་མི་ཆེན་ཕལ་མོ་ཆེ་རྗེ་འདི་དང་ཆོས་འབྲེལ་བའི་སློབ་རིགས་སུ་གྱུར་པར་གསུངས་སོ། །

{{#arraymap:འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོ་

|; |@@@ | | }}