69488

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་མཁན་ཆེན་ནོར་གཡང་ (1)
Part of speech མིང་ཚིག
Definition འཛི་སྒར་མཁན་ཆེན་ནོར་གཡང་ངམ་མཁྱེན་རབ་དྲི་མེད་ཟླ་ཟེར་མཆོག་ནི། ཁམས་གོ་འཇོ་ཧ་ཚ་བླ་མ་འབྲོག་པར། ལས་གྲུབ་ཚང་དུ་ཡབ་ཨ་རྡོར་དང༌། ཡུམ་དཔལ་མཚོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ ༡༩༡༠ ལོར་འཁྲུངས། ཆུང་ངུ་ནས་འཛི་སྒར་ཆོས་སྡེར་སྒྲིགས་ཞུགས་མཛད། དགོན་པའི་འདོན་ཆོག་སོགས་སློབ་གཉེར་གནང༌། ཉི་ཤུ་རྩ་གྲངས་སུ་འབྲུ་འཇམ་དབྱངས་གྲགས་པའི་མདུན་བསྙེན་པར་རྫོགས། མཚན་མཁྱེན་རབ་དྲི་མེད་ཟླ་ཟེར་ཞེས་སྩལ། འཛི་སྒར་བཤད་གྲྭར་ལོ་མང་བཞུགས་ཏེ། ཟུར་མང་མཁན་པོ་མཆོག་གསལ་དང་མཁན་པོ་ཚོགས་གཉིས། ཀཿཐོག་མཁན་པོ་དོན་ལྡན་སོགས་བསྟེན་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་ལ་སྦྱངས་མཐར་ཐོན། མདོར་ན་མཁས་པའི་གཏུག་ས། བཙུན་པའི་མིག་དཔེ། བཟང་པོའི་ཚད་འཛིན་ས་ཞིག་ཡིན། བཀའ་རྙིང་སྐྱེས་ཆེན་དུ་མ་ལས་སྨིན་གྲོལ་གྱི་གདམས་པ་དཔག་མེད་གསན་བསམ་གནང་། རྒྱ་དམར་གྱི་དུས་འགྱུར་བྱུང་ཉེའི་ས་ཁྱི་ལོར་སྟོན་འཁོར་བྱར་གསང་གླིང་དུ་ཕེབས། དེར་རྒྱལ་དབང་འབྲུག་པ་བཅུ་གཅིག་པས་མཁན་པོའི་མཚན་གནས་ཕུལ་ཅིང༌། རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་གནང༌། ཐུགས་སྲས་རིན་པོ་ཆེའི་བཀའ་དགོངས་བཞིན་གདན་ས་དེར་བཤད་གྲྭ་གསར་འཛུགས་ལ་དཔེ་ཁྲིད་དང༌། གཞན་ཡང་སྐུ་དྲག་ཁག་ལ་བརྡ་སྙན་བཤད་ཁྲིད་གནང་། ས་ཕག་བོད་ཟླ་གཉིས་པའི་ཚེས་ལྔ་དྲུག་ཙམ་ལ། ཀློ་ཡུལ་བརྒྱུད་རྒྱ་གར་བཙན་བྱོལ་དུ་ཕེབས་ཨ་སམ་ཕྱོགས་སུ་བྱོན། ནུབ་བྷངྒ་ལའི་སྦག་ས་རིས་མེད་ཆོས་སྒར་ཆེན་མོར་ལོ་གཅིག་ཙམ་བཞུགས། རིམ་བཞིན་རྒྱ་བལ་ས་མཚམས་སྐྱིད་གཏེར་དགོན། མིམ་ཀ་མང་དགོན། རྡོ་རྗེ་གླིང་ཐུབ་བསྟན་གསང་སྔགས་ཆོས་གླིང་དུ་གཙོ་བོར་བཞུགས་ཤིང༌། དབྱར་གནས་མཁན་པོའང་མཛད། བློ་གསལ་རྣམས་ལ་ངག་སྒྲོན། སྙན་ངག སོར་མདོ། བཤེས་སྤྲིངས། མཁས་འཇུག སྤྱོད་འཇུག དབུ་མ་རྩ་འཇུག་སོགས་གཞུང་རིག་གནས་སྐོར་དང༌། ཀུན་མཁྱེན་སྡོམ་གསུམ་རང་འགྲེལ་ཟླ་བ་དྲུག་རིང་ཞིབ་ཁྲིད་བསྩལ། གཞན་ཡང་ཟབ་མོ་ནང་དོན། རྒྱུད་བརྟག་གཉིས། བདེ་མཆོག་བསྙེན་ཁྲིད་སོགས་ཀྱང་གནང༌། རྗེ་ཁྲི་ཟུར་བསྟན་འཛིན་དོན་གྲུབ་བམ་ཀུན་ལེགས་རིན་པོ་ཆེས་འབྲུག་ཏུ་གདན་ཞུས་མཛད་པ་ལྟར། རྟ་མགོ་བཤད་གྲྭར་རང་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་སྐོར་བཀའ་ཁྲིད་སྩལ་བས་མཚོན་འབྲུག་དང་ལ་དྭགས་སོགས་སུའང་ཕེབས་བཞུགས་ཅི་རིགས་མཛད། ཞལ་སློབ་གཙོ་བོ་ནི། འབྲུག་པ་བཅུ་གཉིས་པ། གྲུབ་སྲས་ཨ་བོ་རིན་པོ་ཆེ། རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས། སེང་བྲག་ཆོས་ཀྱི་རྒྱལ་མཚན། རྙིང་མའི་སྤྲུལ་སྐུ་པདྨ་དབང་རྒྱལ། བླ་མ་ཕྲིན་ལས་རྣམ་རྒྱལ། མཁན་པོ་འཇིགས་མེད་རྡོ་རྗེ། དབུ་མཛད་བླ་མ་ཤེས་རབ་རྒྱ་མཚོ། རྒན་བཀྲ་ཤིས་རྣམ་རྒྱལ་སོགས་དང༌། རྒྱུད་བརྟག་གཉིས་གསན་ཅིང་འཆད་ཁྲིད་ཀྱི་རྒྱུན་སྤེལ་བར་མཛད་པའི་འབྲི་གུང་སྐྱབས་མགོན་རིན་པོ་ཆེ། སྐྱབས་རྗེ་འབོ་དཀར་རིན་པོ་ཆེ། འབོ་དཀར་མཁན་ཆེན་བློ་གྲོས་དོན་ཡོད་རྣམས་བྱུང༌། དགུང་ལོ་དོན་གསུམ་པ་ཆུ་ཁྱི་ ༡༩༨༢ ལོའི་བོད་ཟླ་བཅུ་གཅིག་པའི་ནང་གཟིམ་ཤག་ཏུ་ལུས་གནད་ཙོག་པུའི་ངང་ཞི་བར་གཤེགས་སོ། །ཐུགས་ལྗགས་སྤྱན་གསུམ་མ་ཉམས་པའི་གདུང་རྟེན་ད་ལྟ་རྡོར་གླིང་ན་བཞུགས་ཡོད།

{{#arraymap:འཛི་སྒར་མཁན་ཆེན་ནོར་གཡང་

|; |@@@ | | }}