69490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་སྒྲུབ་དཔོན་བླ་མ་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི། ཁམས་ལྷ་ཐོག་ཅོར་གཞུང་བྱ་བའི་འབྲོག་སྡེར། ཡབ་ཚབ་གསར་ཚང་དབང་འཕེལ་དང༌། ཡུམ་སོག་རུ་བྱང་འཕེན་བཟའ་ཨ་སྐྱིད་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ ༡༩༡༥ ལོར་འཁྲུངས། སྐུ་ནར་སོན་པ་དང་འཛི་བཀྲ་ཤིས་ཐུབ་བསྟན་ཆོས་གླིང་དུ་སྒྲིགས་ཞུགས་གནང༌། དགོན་པའི་འདོན་ཆ་ཐུགས་འཛིན་སོགས་སློབ་གཉེར་མཐར་ཕྱིན་རྗེས། གྲུབ་དབང་དཔག་བསམ་རྒྱ་མཚོར་བསྟེན་ཏེ། འཛི་སྒར་ཡང་དབེན་སྒྲུབ་སྡེར་ཕྱག་ཆེན་སྔོན་འགྲོ་ནས་བཟུང་སྐུ་མཚམས་ལོ་ཉི་ཤུ་བཞུགས་པར་གྲགས། འཛི་སྒར་བརྒྱད་པ་སོགས་བླ་མ་དུ་མའི་དྲུང་ནས་བཀའ་ཆོས་གསན་བསམ་མཛད། བོད་དུ་དུས་འགྱུར་སྐབས་སུ། དམག་མི་དགོན་པའི་མདུན་ཐང་དུ་སླེབས་པ་དང་སྒྲུབ་སྡེ་ནས་གློ་བུར་དུ་སྐུ་མཚམས་ལས་བཞེངས་པ་དང་ཆབས་ཅིག སྒྲུབ་སྡེའི་ནང་རྟེན་ཕྱག་ན་རྡོ་རྗེའི་སྐུ་སོགས་བསྣམས་ནས་རི་ལུང་གང་སར་གབ་བྲོས་ཡང་ཡང་བགྱིས་པའི་མཐར། མཁན་རིན་པོ་ཆེ་ཨ་དགེ་དང༌། བླ་མ་རིན་པོ་ཆེ་ཨ་སངས་སོགས་བླ་གྲྭ་མང་ཙམ་ཞིག་དང་ལྷན་བཙན་བྱོལ་ལ་ཕེབས་བཞེད་ཀྱིས་རིམ་བཞིན་ལྷ་སའི་བར་དུ་བྱོན་ནའང་ལམ་མ་ཐོབ་པར་དེར་ལོ་ཤས་བཞུགས་པའི་རྗེས། རང་ཡུལ་དུ་མར་ཕེབས་ཆོག་ཙམ་བྱུང་ནས། རིག་གནས་གསར་བརྗེ་ཟེར་བ་སོགས་ལས་འགུལ་དྲག་པོ་བྱུང་ཡང༌། ལྷ་དང་སྲུང་མའི་བྱིན་མཐུས་ཉེས་སྐྱོན་མ་བྱུང་ནས། ཡབ་ཚང་འབྲོག་རུའི་ཟུར་དུ་གཡབ་ཆུང་ཞིག་ཕུབ་པའི་ནང་དུ་གཅིག་པུར་བཞུགས་ནས། ཉམས་ལེན་ལ་སྔ་མུས་བཞིན་རྒྱུན་སྐྱོང་ཆོག་པའི་གོ་སྐབས་བཟང་པོ་ཐོབ། ལྐོག་ཏུ་རྡོ་དོན་བླ་མ་ཀརྨ་དང་ཕན་ཚུན་ཆོས་འབྲེལ་བྱུང་ཞིང༌། རྟོགས་པའི་གླེང་སློང་མང་པོ་མཛད་སྐབས་རྟོགས་པའི་གནས་ཚད་མཐོན་པོར་ཕེབས་ཡོད་པར་ཤེས་ནུས། ཕྱི་ཚུལ་གྲྭ་པ་དཀྱུས་མའི་ཚུལ་བཟུང་ནས། ཤིིན་ཏུ་སྦས་པའི་རྣལ་འབྱོར་དུ་གྱུར་པའི་དབང་གིས་ཕལ་ཆེ་བས་ཇི་བཞིན་མི་རྟོགས་མོད། མཁན་ཆེན་བླ་མ་ཨ་དགེའི་ཞལ་ནས། སྒྲུབ་བླ་ཨ་བསྟན་རྒྱ་མཚོ་འདྲ་བ་གཅིག་ཡོད་ན། གསེར་སྐུ་ཐོག་བརྩེགས་གཅིག་ལས་དགའ་བ་རེད་ཅེས་བསྔགས་བརྗོད་གནང་། བདུན་ཅུ་ཤིང་བྱི་ལོར་འཛི་སྒར་དགོན་པའི་ཆོས་སྒོ་གསར་དུ་ཕྱེས་མ་ཐག་ཞབས་སོར་འཁོད་ཅིང༌། བླ་མ་སངས་རྒྱས་ཕྲིན་ལས་ལ་རང་ལུགས་ཀྱི་ཕྱག་ཆེན་དང༌། ཆོས་དྲུག་ལུས་སྦྱོང་བཅས་ཀྱི་ཞལ་རྒྱུན་བྱིན་རླབས་ཅན་སོགས་དབང་ལུང་དུ་མ་ཞིག་བསྩལ། དད་འབུལ་གང་རྙེད་པ་རྣམས་དགོན་པར་ཕུལ་ཏེ་བསྟན་དགོན་ཉག་ཕྲ་བའི་དུས་བཀའ་དྲིན་ཆེན་པོ་བྱུང༌། སྒྲུབ་སྡེའི་ཐེབས་རྩར་དམིགས་ཏེ་འབྲི་ནོར་ཡང་མང་ཙམ་ཕུལ། སྒྲུབ་སྡེའི་ནང་རྟེན་སྔར་ཡོད་ཕྱག་རྡོར་སྐུ་དང༌། གསར་དུའང་རྡོ་རྗེ་འཆང་གི་སྐུ་ལི་དཀར་ལས་གྲུབ་པ་སོགས་རྩ་ཆེན་གྱི་སྐུ་རྙིང་མང་པོ་རང་དགོན་དུ་འབུལ་བར་མཛད། ཡུན་རིང་མ་སོང་བར་སྙུང་གཞི་ལྕི་བར་བཞེས་པའི་ཚུལ་མཛད་དེ། དགུང་ལོ་དོན་གཉིས་མེ་སྟག་ ༡༩༨༦ ལོའི་བོད་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ལ་རང་དགོན་དུ་ཞི་བར་གཤེགས་སོ། །