69688
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔ་འགྱུར་རྙིང་མའི་བླ་མ་འུག་བྱ་ལུང་པའམ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་མཚན་ཏེ། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཆུ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༠༠༢ ལོར་སྐུ་འཁྲུངས། རབ་བྱུང་དང་པོའི་ཆུ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༠༦༢ ལོར་སྐུ་གཤེགས། ཁོང་གིས་སྤྱིར་བླ་མ་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་མྱང་ཡེ་ཤེས་འབྱུང་གནས་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་ཞུས། ལྕེ་ཤཱཀྱ་མཆོག་ལས་བདུད་རྩི་དང་། གཉན་ནག་དབང་གྲགས་ལས་གསང་དབང་དང་ཐབས་ལམ། ཐོ་དཀར་ནམ་མཁའ་ལྡེབ་ལས་མདོ་དང་བར་ཁབ། འབྲེ་ཁྲོ་ཆུང་ལས་ཀ་དག་དང་ལྷུན་གྲུབ་ཀྱི་བཤད་པ་དང་ལམ་རིམ་ཆེན་མོ། རོང་ཤཱཀྱ་འབྱུང་གནས་ལས་ཡང་དག་སོགས་མང་དུ་ཞུས། དེ་ནས་རྩ་རྒྱུད་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་དང་ཆོག་ཡིག་ལ་སོགས་པར་སྡེབས་ཏེ་འབངས་རྩེ་མོ་བཞི་རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་ལ་བཤད་པར་མཛད། དེ་ནས་འུག་པ་ལུང་གི་གཙུག་ལག་ཁང་ལེགས་པར་བཞེངས་པ་དང་། ཤངས་ཀྱི་མདའ་ལ་སྲམ་པ་སྒྲུབ་ཁང་དུ་དཔལ་ཆེན་པོ་ལྷ་དགུ་ལྡེ་གུར་བཞེངས་པར་མཛད། སྒྲོ་སྟོན་གྱིས་ཁོང་ལ་སྒྲོ་ཕུག་ཕུལ་ཏེ། དེ་ལ་ལྷ་ཁང་བཞེངས་པས་སྒྲོ་ཕུག་ལྷ་ཁང་དུ་གྲགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་འབངས་རྩེ་མོ་བཞི་ནི་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ་དང་། སྒྱུ་འཕྲུལ་གྱི་བཤད་པ་ཕྱོགས་གཅིག་གི་རྩེ་མོར་གྱུར་པ་བན་ནམ་བྲེས་ཀྱི་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ར་ཟའི་ཞང་འགོས་ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་འཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་དང་། རྩེ་ལྐོག་གཅིག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟའི་རྩེ་མོར་གྱུར་པ་རྩགས་བླ་མ་བཅས་ཡིན་ནོ། ། |