69761

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོ་ཇོ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་ཉེར་ལྔ་པ། རབ་བྱུང་བཅུག་གཅིག་པའི་ལྕགས་བྱི་ཕྱི་ལོ་ ༡༦༦༠ ཐམ་པའི་ལོར་ཡབ་གྭ་ཟི་བཀྲ་ཤིས་དང་ཡུམ་སྐྱིད་ཤོད་བཟའ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྗེ་བཀྲ་ཤིས་དཔལ་གྲུབ་ཀྱིས་ངག་དབང་བཀྲ་ཤིས་ཆོས་ཀྱི་རྒྱལ་པོ་ཞེས་མཚན་གསོལ། རྒྱལ་དབང་ལྔ་པའི་དྲུང་ནས་དགེ་ཚུལ་སློང་གཅིག་ཅར་མཛད་པའི་མཚན་ལ་ཀུན་དགའ་བསོད་ནམས་མཆོག་གྲུབ་བསྩལ། ས་བྱ་ཕྱི་ལོ་ ༡༦༦༩ ལོར་གདན་སའི་ཁྲི་ལ་འཁོད་ཀྱང་ཁྲི་ཟུར་རྫོང་ཞབས་དྲུང་ནས་ཁྲི་རྩོད་ནང་འཁྲུགས་བསླངས་པས་ཧོར་ཁང་དུ་ཁྲི་བཟུར། རྒྱལ་དབང་ལྔ་པས་ཕན་ཚུན་ཞི་འཇགས་ཀྱི་བཀའ་འདུམ་གནང་ནས་གདན་སུས་བྱེད་གྲྭ་མང་ལ་འདེམས་བསྐོ་བསྩལ་བ། བཀྲ་ཤིས་ཆོས་རྒྱལ་དགོས་ཚུལ་ཞུས་པ་བཞིན་སླར་ཡང་ཁྲི་ལ་བཀོད་མོད། ཁུ་བོ་རྫོང་ཞབས་དྲུང་ནས་ཡི་མ་རང་བར་ཡང་ཡང་གཞུང་ལ་ཁྲིམས་གཏུགས་ཀྱིས་མཐར་ཁྲི་ལས་ཕབ་སྟབས་རྗེ་ཉིད་དབེན་གནས་འོ་ཇོ་བྲག་དམར་ཁྱུང་རྫོང་དུ་བཞུགས་པའི་མཚན་ལའང་འོ་ཇོ་ཞབས་དྲུང་དུ་ཐོག།། རྡོ་བྲག་རིག་འཛིན་དང་སྨིན་གླིང་གཏེར་བདག་གླིང་པ་གཉིས་ལས་སྔ་འགྱུར་གཏེར་ཆོས་ཀྱི་གདམ་པ་མང་དུ་གསན། ཞལ་ངོ་ནང་མ་གཤིན་པའི་རྐྱེན་གྱིས་སྟག་ལུང་པའི་ལུགས་གཉིས་མངའ་ཐང་རྣམས་ས་ལུག་ཕྱི་ལོ་ ༡༦༧༩ ལོར་གཞུང་བཞེས་ཀྱིས་ལྕགས་བྱི་ཕྱི་ལོ་ ༡༧༢ ་བར་ལོ་ངོ་བཞི་བཅུ་ཞེ་གཉིས་རིང་སེར་བྱེས་གྲྭ་ཚང་ནས་ཁ་འཛིན་མཁན་ཐོག་རེ་གཉིས་བྱས་པ་སོགས་བྱུང་ཡང་། བདག་སྐྱོང་ཚུལ་བཞིན་མ་བྱུང་སྟབས་ཉམས་ཆག་ཆེ་ཙམ་བྱུང་། དེ་ནས་བཟུང་གྭ་ཟིའི་གདུང་ལས་བྱུང་བའི་སྟག་ལུང་གི་ཁྲི་པའི་རྒྱུན་ཆད་པ་དང་། སྟག་ལུང་སྡེ་པ་ཞེས་དར་སྤྲས་རོང་གསུམ་ལ་དབང་བསྒྱུར་བའི་སྲིད་དབང་དེ་ཉིད་ཀྱང་། ལྷ་སའི་ཉེ་འདབས་སྡེ་པ་རག་པ་སྟོང་ཤུལ་གྱི་གཞིས་ཀར་གནས་འཕོས་ནས་རིམ་བཞིན་དཔོན་རྒྱུད་ཀྱིས་གཞུང་སའི་རུ་དཔོན་བྱས་པ་དང་སྲིད་ཞུའི་འབྲས་བུ་ལ་ཕྱིས་སུ་མདོ་མཁར་བདག་དབང་ཡང་བསྩལ་བས་མདོ་མཁར་རག་ཁ་ཤག་གི་གཞིས་ཀ་ཞེས་གྲགས་པ་སོགས་བྱུང་རབས་ཀྱི་རྗེས་ཤུལ་མང་། རྗེ་འདིའི་རིང་ཁུ་བོ་རྫོང་ཞབས་ཀྱིས་རྩོད་གླེང་སོགས་ནང་ཁུལ་ཟིང་ཆ་ཆེ་པོར་བྱུང་ཡང་། གང་ཉིད་ནས་འཇིག་རྟེན་གྱི་བྱ་བ་འདི་དག་ལ་སྤྱན་གྱིས་མི་གཟིགས་པར་དབེན་གནས་འོ་ཇོ་རང་དུ་སྒྲུབ་ལ་གཞོལ་བར་མཛད་སྟབས། ཕྱིས་རྫོང་ཞབས་དྲུང་ནས་བཤག་པ་བྱས་ཏེ་ཁུ་དབོན་མཐུན་པར་བྱུང་སྐད། མཐར་རབ་བྱུང་བཅུ་གཉིས་ས་སྦྲུལ་ཕྱི་ལོ་ ༡༦༨༩ ལོར་སྐུ་གཤེགས། ཆབ་འབངས་བན་གསར་བརྒྱད་ཅུ་དང་། ཧོར་ལོ་ཙཱ་བ་བློ་ལྡན་སོགས་ཆོས་སྐལ་ཐོབ་པའི་སློབ་མ་མང་དུ་བྱུང་ལ་། གསུང་རྩོམ་པོད་གཅིག་བཞུགས།

{{#arraymap:འོ་ཇོ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ་

|; |@@@ | | }}