698
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༠༠ ལོར་ཁམས་སྡེ་དགེ་དབོན་སྟོད་དཀྱིལ་ལེ་ལ་ཡབ་ཀརྨ་ཚེ་བརྟན་དང་། ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་རྗེས་ཀྱི་ཟླ་ངོ་གཉིས་པར་ཀརྨ་པ་ཡིན་ཞེས་གསུང་བྱོན། སྐུ་གོང་མའི་ཕྱག་མདུད་དང་སྐུ་འདྲ། ཕྱག་ཕྲེང་སོགས་ངོས་བཟུང་། དགོན་ཆེན་དང་ལྷ་ལུང་ཁུག་ཏུ་ཕེབས་སྐབས་སྡེ་དགེ་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་མཇལ་སྟོན་སྐུ་བརྫངས་དང་འབུལ་ཞབས་རྒྱས་པར་ཕུལ། སྐྱབས་ཆེ་དང་། ཟུར་མང་། རྒྱུན་ནེ། ཀརྨ་དགོན། ཇ་པ་དགོན་སོགས་སུ་ཕེབས་ནས་འགྲོ་དོན་མཛད། ནང་ཆེན་རྒྱལ་པོའི་སྒར་དུ་ཡང་སྤྱན་འདྲེན་ཞུས། ཞྭ་དམར་བརྒྱད་པ་དང་ལྷན་དུ་རྒྱ་ནག་ཏུ་ཕེབས། རྒྱལ་དབང་ཞྭ་དམར་ནག་ཡབ་སྲས་གཉིས་ཉིན་གཅིག་ཙམ་ཡང་འབྲལ་མེད་ངང་སྐུ་མྱ་ངན་ལས་མ་འདས་བར་ཕེབས་པས་ཞྭ་དམར་བརྒྱད་པའི་རྣམ་ཐར་དང་གཅིག་མཚུངས་སུ་གྱུར། རབ་བྱུང་བཅུ་གཉིས་པའི་ཆུ་གླང་ཕྱི་ལོ་ ༡༧༣༣ ལོར་རྒྱ་ནག་བཀྲ་ཤིས་ཁྲི་སྒོར་སྐུ་གཤེགས། གདུང་ཐལ་མཚུར་ཕུར་སྤྱན་དྲངས། དངུལ་གདུང་དད་རྟེན་དུ་བཞུགས། ཀརྨ་པའི་སྐུ་ཕྲེང་བཅུ་གཉིས་པ་ཡིན། སློབ་མ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། དཔའ་བོ་སྤྲུལ་སྐུ་གོང་འོག་རྣམ་གཉིས། འབྲུག་ཐམས་ཅད་མཁྱེན་པ། བཀའ་བརྒྱུད་འཕྲིན་ལས་ཤིང་རྟ་བཅས་མང་། |