From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འོག་གཞི་རླུང་གི་དཀྱིལ་འཁོར་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། སྣོད་ཀྱི་འཇིག་རྟེན་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་འདོད་པའི་མངོན་པ་བ་ལྟར་ན་སྣོད་ཀྱི་འོག་དག་གི་གཞིར་གྱུར་པའི་རླུང་གི་དཀྱིལ་འཁོར་གྱི་རྔམས་ཏེ་སྟེང་འོག་ཏུ་ནི་དཔག་ཚད་ས་ཡ་དྲུག་འབུམ་ཡོད་ལ། རྒྱར་གྲངས་མེད་པ་དང་ལྡན་པ་སེམས་ཅན་སྤྱིའི་ལས་ཀྱི་སྟོབས་ཀྱིས་འཆགས་སོ། །རླུང་གི་སྟེང་དུ་གནས་སོ་ཞེས་བྱ་བས། ཁྱབ་འཇུག་པ་རུས་སྦལ་གྱི་སྟེང་ན་གནས་པ་དང་། དབང་ཕྱུག་པ་དབང་ཕྱུག་གི་འདོད་པ་ལས་བྱུང་བར་འདོད་པ་ལ་སོགས་པ་སེལ་ལོ། །རླུང་དེའི་མིང་ནི་འཇམ་པོ་ཞེས་བྱ་བ་དང་། དབྱིབས་ནི་ཟླུམ་པོའོ། །ཁ་དོག་སྣ་ཚོགས་པའམ། ཁ་ཅིག་ནི་སྔོ་སྐྱར་འདོད་ལ། ཡོན་ཏན་ནི་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་དང་། ལས་ནི་བརྟེན་པ་རྣམས་འདེགས་པ་དང་། ངོ་བོ་ནི་ས་ལ་སོགས་པ་རྫས་བརྒྱད་ཀྱི་རང་བཞིན་ཡིན་ཡང་རླུང་ཤས་ཆེ་བའི་ཕྱིར་རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
འོག་གཞི་རླུང་གི་དཀྱིལ་འཁོར་ (2)
| Part of speech
|
མིང་ཚིག
|
| Definition
|
དེ་ལ་སྣོད་ཀྱི་འཇིག་རྟེན་འདི་དང་པོར་འོག་གཞི་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་སོགས་རིམ་པར་ཆགས་པ་ཡིན་ལ། ཆགས་ཚུལ་དང་ཚད་སོགས་ཀྱང་གཞག་ཏུ་ཡོད་དེ། སྣོད་སྔ་མ་གཅིག་སྟོང་ནས་ནམ་མཁའ་སྟོང་པར་གནས་པ་ལ། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས་རླུང་པོ་ལངས་པ་ལོ་གྲངས་དུ་མའི་བར་དུ་བསགས་པ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱ། དབྱིབས་ཟླུམ་པོ། ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་བཤིག་པར་མི་ནུས་པའི་སྲ་བ། མཐུག་རྔམས་སུ་དཔག་ཚད་ས་ཡ་གཅིག འབུམ་ཕྲག་དྲུག རྒྱར་གྲངས་མེད་ཡོད་པ་ཞིག་ཆགས། དེའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་རྣམས་འདུས་ནས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་བབས་པ་ཡུན་རིང་དུ་བསགས་པ་ལས་ཆུའི་དཀྱིལ་འཁོར་མཐུག་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་པ་ཞིག་ཆགས། ཆུ་དེ་རླུང་གིས་ཕྱོགས་བཅུ་ནས་བསྲུབས་པ་ལས་འོ་མ་བསྐོལ་བ་ལས་སྲིས་མ་ཆགས་པ་བཞིན་དུ་དབང་ཆེན་གསེར་གྱི་ས་གཞི་མཐུག་རྔམས་སུ་དཔག་ཚད་འབུམ་ཕྲག་གསུམ་དང་ཉི་ཁྲི་ཡོད་པ་ཞིག་ཆགས། སྔར་གྱི་ས་དཀྱིལ་ཆགས་པའི་རྗེས་སུ་སྔར་གྱི་ཆུ་དཀྱིལ་ལ་དཔག་ཚད་འབུམ་ཕྲག་བརྒྱད་ལས་མེད་དེ། ལྷག་མ་རྣམས་གསེར་དུ་གྱུར་པའི་ཕྱིར་དང་། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཐད་ཀར་ཏེ་ཤར་མཐའ་ནས་ནུབ་མཐའ་སོགས་དཔག་ཚད་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ་བརྒྱ་ཕྲག་ཕྱེད་དང་ལྔ་རྣམས་སུ་ཡོད་ཅིང་མཐའ་བསྐོར་དུ་སུམ་འགྱུར་དུ་ཡོད་པ་ཡིན་པའི་ཕྱིར། རླུང་གི་དཀྱིལ་འཁོར་སོགས་ལ་དེ་དང་དེའི་མིང་གིས་བསྙད་པ་ནི་གཙོ་ཆེ་བའི་དབང་གིས་ཡིན་ཏེ། གཞན་དུ་ན་དེ་དང་དེའི་ཁྲོད་ན་འབྱུང་བ་བཞི་ཀ་ཡོད་པའི་ཕྱིར་ཏེ། དེ་རྣམས་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།
|