69880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོག་མིན་མཐར་ཐུག་འགྲོའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གཟུགས་ཁམས་སུ་སྐྱེས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་ཕྱིར་མི་འོང་གི་རྟེན་ཅན་ཞིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བ་གང་ཞིག འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་འོག་མིན་མཐར་ཐུག་འགྲོའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བའི་འཇོག་བྱེད། དེ་ལ་དབྱེ་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འཕར་བ། ཕྱེད་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་ཡོད་དེ། མཛོད་ལས། བསམ་གཏན་སྤེལ་ན་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་གསུངས། འོག་མིན་མཐར་ཐུག་འགྲོའི་ཕྱིར་མི་འོང་གོང་འཕོ་བ་གང་ཞིག ཚངས་རིས་དང་འོག་མིན་ཏེ། གཟུགས་སུ་སྐྱེ་སྲིད་གཉིས་ཁོ་ན་བླངས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འཕར་བའི་འཇོག་བྱེད་དེ། གང་ཞིག ཚངས་རིས་དང་གནས་གཙང་འོག་མ་གསུམ་གང་རུང་དང། འོག་མིན་ཏེ། གཟུགས་སུ་སྐྱེ་སྲིད་གསུམ་ཁོ་ན་བླངས་ཏེ་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཕྱེད་འཕར་བའི་འཇོག་བྱེད། དེ་གང་ཞིག ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་ཏུ་སྐྱེ་སྲིད་བླངས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གནས་ཐམས་ཅད་དུ་འཆི་འཕོ་བའི་འཇོག་བྱེད། ཅེས་གསུངས།
Domain ཆོས་ལུགས།