69886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོག་མིན་སྟུག་པོ་བཀོད་པའི་གནས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ལོངས་སྐུ་བཞུགས་པའི་གནས་དེ་ལ་འོག་མིན་སྟུག་པོ་བཀོད་པའི་གནས་ཞེས་བརྗོད་ཅིང། དེ་ཡང་གནས་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས་ན་འོག་མིན་དང། ཞིང་གི་བཀོད་པ་ཕུན་སུམ་ཚོགས་པས་ན་སྟུག་པོ་བཀོད་པའི་ཞིང་ཞེས་བརྗོད་པ་འདྲའོ། །པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། དེས་ན་གནས་གཙང་གི་འོག་མིན་ལས་འདས་པའི་འོག་མིན་གཉིས་པ་གཟུགས་ཁམས་གནས་རིགས་བཅོ་བརྒྱད་པ་དེ་དེ་ཡིན་ཏེ། ལང་གཤེགས་ལས། འདོད་པ་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་མངོན་འཚང་རྒྱ། །ཞེས་གསུངས་པ་དང། སའི་དངོས་གཞི་ལས་ཀྱང། དེ་དང་མཐུན་པར་གསུངས་པའི་ཕྱིར། ཡང་ན་དཀོན་མཆོག་བརྩེགས་པ་ལས་གསུངས་པ་ལྟར། འཇིག་རྟེན་གྱི་ཁམས་འདི་ནས་འཇིག་རྟེན་གྱི་ཁམས་བཅུ་གསུམ་འདས་པའི་འོག་མིན་ཐུབ་པ་གངས་ཅན་མཚོ་རྒྱལ་བཞུགས་པའི་གནས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཉིད་དེ་ཡིན་ཏེ། སྟུག་པོ་བཀོད་པའི་མདོ་ལས། གཟུགས་མེད་འདོད་པ་གཟུགས་རྣམས་དང། །འདུ་ཤེས་མེད་པ་དེ་བཞིན་དུ། །གནས་ནས་འདས་ཏེ་སངས་རྒྱས་དབང། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་གསུངས། འོ་ན་རང་ཅག་གི་སྟོན་པ་འདིས་རྗེ་བཙུན་རྒྱལ་ཚབ་ཏུ་དབང་བསྐུར་རྗེས་སུ་ཆོས་སྐུ་མངོན་དུ་མཛད་པ་ཡིན་ནམ་དེའི་སྔ་རོལ་དུ་མཛད་པ་གང་ཡིན་ཞེ་ན། རྗེ་བཙུན་བྱང་ཆུབ་སེམས་དཔའ་ཡིན་པའི་དབང་དུ་བྱས་ན་དོགས་པའི་གནས་ཅུང་ཟད་ཅིག་འདུག་ནའང་ཁུངས་ནི་ཕྱི་མ་ལྟར་འབྱུང་བ་མང་སྟེ། ངག་དབང་གྲགས་པས། དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་ཐུགས་སུ་ཆུད་གྱུར་ཅིང། །འཛམ་གླིང་སྐྱེ་བོའི་དོན་མཛད་ངོར་ནི་དམ་པ་ཏོག་དཀར་གྱུར། །ཞེས་སོགས་གསུངས་པའི་ཕྱིར། འོ་ན་རྗེ་བཙུན་རྒྱལ་ཚབ་ཏུ་དབང་བསྐུར་བའི་དབང་བསྐུར་དེ་ཇི་ལྟ་བུ་ཞེ་ན། འོད་ཟེར་ཆེན་པོའི་དབང་བསྐུར་ཡིན་ཏེ། དེ་ཡང་བྱང་སེམས་རང་གི་མཛོད་སྤུ་དང་སྤྱི་བོ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་བསྐུལ་ཏེ། མཆོད་སྦྱིན་རྒྱ་མཚོས་མཆོད་པས་བྱང་སེམས་དེ་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། བྱང་སེམས་དེ་དག་འཁོར་དང་བཅས་པ་ལ་ཐིམ་པས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་མང་པོ་ཐོབ་སྟེ། རྒྱལ་ཚབ་ཏུ་དབང་བསྐུར་བར་བཤད་དོ། །ཞེས་གསུངས།
Domain ཆོས་ལུགས།