703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་པ་རོལ་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་འབྲུག་ཕྱི་ལོ་ ༡༣༤༠ ལོར་ཀོང་པོར་ཡབ་ལྷ་སྡོང་བསོད་ནམས་དོན་གྲུབ་དང་། ཡུམ་བརྩོན་འགྲུས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་མཐོང་བ་ཙམ་གྱིས་མཁྱེན། དྲུག་པར་བྲག་སྐྱིལ་ལྷ་ཁང་དུ་བྱོན་ནས་སྐུ་གོང་མའི་དབུ་ཞྭ་སོགས་ངོས་བཟུང་། དགུ་པར་མདོ་དབུས་ཁམས་གསུམ་གྱི་མི་ཆེན་བླ་དཔོན་རྣམས་ཀྱིས་འབུལ་བ་རྒྱུན་མ་ཆད་པར་ཕུལ་མཁན་བྱུང་། འོ་ཐང་གི་རྒྱབ་ཏུ་ཆོས་རྗེ་གོང་མའི་ཁྲི་ལ་བཞུགས་ནས་ཆོས་བཤད་མཛད། རྟོགས་ལྡན་ཡེ་རྒྱལ་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། གསང་སྔགས་གསར་རྙིང་གི་ཆོས་སྐོར་མང་དུ་གསན། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཀུར་སྟི་མཛད་ཅིང་ཆོས་ཀྱིས་ཚིམས་པར་མཛད། མཚུར་ཕུའི་གདན་སར་ཕེབས། མནལ་ལམ་ནས་རིག་པའི་གནས་མཐའ་དག་མཁྱེན་པས་འགྲན་ཟླ་བྲལ་བར་གྱུར། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་རྗེས་ཤ་ཆང་གི་དྲི་ཙམ་ཡང་གཟིགས་པར་མི་ཕེབས། སྐུ་འཁོར་ཐམས་ཅད་དགེ་སློང་ཚུལ་ལྡན་རིག་གྲོལ་གྱི་སྤོབས་པ་ཅན་ཤ་སྟག་འཚོགས། གོང་མ་ཐོ་གན་ཐེ་མུར་ཡབ་སྲས་ཀྱིས་གདན་འདྲེན་ཞུས་པ་ལྟར་ཕྱི་ལོ་ ༡༣༦༠ ལོར་གོང་མའི་ཕོ་བྲང་དུ་ཕེབས། རྒྱལ་བློན་འཁོར་བཅས་ལ་དབང་བསྐུར་མན་ངག་བཤད་ཁྲིད་སོགས་གནང་། རྒྱལ་པོས་འཇའ་ས་དང་བཀའ་ལུང་ཕུལ། མི་ཉག་ཡུལ་བརྒྱུད་ནས་བྱང་ངོས་སུ་ཕེབས། གོ་ར་དགོན་གཙུག་ལག་ཁང་ཆེན་པོ་བཞེངས། ཡུ་གུར་དང་མི་ཉག་ཀཾ་ལོག་ཧོར་ཡུལ་སོགས་ནས་ཟླ་ལམ་གཉིས་གསུམ་ཚུན་ཆོད་ཀྱི་དད་ལྡན་རྣམས་བསུ་བ་གནང་། ཇོ་བོའི་མདུན་དུ་དངུལ་བྲེ་བཅུ་གཅིག་གིས་བརྡུངས་པའི་ཀོང་བུ་ཕུལ། མཚུར་ཕུའི་ལྷ་ཆེན་སྐུ་ལ་གསེར་བྲེ་ཆེན་ལྔའི་གསེར་ཤོག་དང་། དངུལ་བྲེ་སོ་གཅིག་གིས་བརྡུངས་པའི་ཀོང་བུ་ལྔ་སོགས་བགྲངས་ལས་འདས་པའི་མར་མེ་རྒྱུན་འབར་དང་། བསྟན་མཆོད་རྒྱ་ཆེན་པོ་མཛད། རྗེ་ཙོང་ཁ་པས་དགེ་བསྙེན་གྱི་སྡོམ་པ་བཞེས་སྐབས་མཚན་ལ་ཀུན་དགའ་སྙིང་པོ་གསོལ་ཞིང་སྐྱེས་བུ་དམ་པར་ལུང་བསྟན། བོད་ཀྱི་འདན་དང་། ཀརྨ་ལྷ་སྟེང་། ཀརྨ་དགོན། རི་བོ་ཆེ། སྨར་ཁམས། ཀཾ་པོ་གནས་ནང་། འབོམ་སོགས་ནས་དར་མདོ་བར་ཞབས་ཀྱིས་བཅགས། རབ་བྱུང་དྲུག་པའི་ཆུ་ཕག་ཕྱི་ལོ ་༡༣༨༣ ལོར་སྐུ་གཤེགས། ཀརྨ་པ་སྐུ་ཕྲེང་བཞི་པ་ཡིན། སློབ་མ་ནི་རྟོགས་ལྡན་མཁའ་སྤྱོད་དབང་པོ་དང་། མཚུར་ཕུ་ཀུན་སྤངས་པ། ཀརྨ་དཀོན་གཞོན། རྟོགས་ལྡན་མཚོ་དཀར་པ། ཡོལ་བ་ཡེ་ཤེས་པ་བཅས་ཡོད། ཆོས་འབྲེལ་ཡོད་པའི་སྐྱེས་ཆེན་ནི་རྗེ་ཙོང་ཁ་པ་དང་། འབྲི་གུང་ཆོས་ཀྱི་རྒྱལ་པོ། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། ཀ་བཞི་རིན་ཆེན་དཔལ། སྤངས་མཁན་ཆེན་འོད་ཟེར་བླ་མ་བཅས་མཐའ་ཡས་པར་བྱོན།

{{#arraymap:ཀརྨ་པ་རོལ་པའི་རྡོ་རྗེ་

|; |@@@ | | }}