From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡང་དག་ཀུན་རྫོབ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཀུན་རྫོབ་གསུམ་གྱི་ནང་གསེས་ཤིག་སྟེ། ཕྱི་ནང་གི་རྟེན་འབྲེལ་ལ་ཡང་དག་པར་བརྟགས་ཏེ་དགེ་བ་བཅུ་ལ་སོགས་པས་བསྐྱེད་པའི་རྒྱུ་དང་འབྲས་བུ་རྣམས་སོ། །
|
| Domain
|
[ཆོས་ལུགས།, ལྟ་གྲུབ།]
|
ཡང་དག་ཀུན་རྫོབ་ (2)
| Part of speech
|
མིང་ཚིག
|
| Definition
|
ཀུན་རྫོབ་ལ་ཡང་དག་ནི། ལས་མཐུན་པ་ལ་སྣང་བ་ཐ་དད་དུ་དོན་བྱེད་ནུས་ཤིང་བརྟགས་ན་མ་གྲུབ་པ་སྟེ་མ་འཁྲུལ་བའི་ཤེས་པ་ལ་སྣང་བ་ཐམས་ཅད་དོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པའི་དགོངས་གསལ་ལས་གསུངས་སོ། ། དབང་པོ་དྲུག་པོ་ཕྱི་ནང་གི་རྐྱེན་གྱིས་མ་བསླད་པའི་གསལ་པོ་ལས་བྱུང་བའི་ཤེས་པ་དང་། ཕྱི་ནང་གི་རྐྱེན་གྱིས་གནོད་པ་མེད་པའི་དབང་པོ་དྲུག་པོ་རྣམས་ཀྱིས་གཟུང་བའི་དོན་གང་ཞིག་འཇིག་རྟེན་གྱིས་རྟོགས་པ་དེ་ནི། འཇིག་རྟེན་པ་དག་གིས་བདེན་པར་མངོན་པར་ཞེན་པས་ཐ་སྙད་དུ་མི་སླུ་བའི་ཕྱིར་འཇིག་རྟེན་པ་ཉིད་ལས་བདེན་པར་རྣམ་པར་བཞག་གི འཕགས་པ་རྣམས་ལ་ལྟོས་ནས་མ་ཡིན་ཏེ། དེ་དག་གིས་དངོས་པོ་དེ་དག་གཟུགས་བརྙན་དང་འདྲ་བར་གཟིགས་པའི་ཕྱིར་རོ། །ཞེས་རྗེ་བཙུན་རེད་མདའ་བས་དབུ་མ་འཇུག་པའི་རྣམ་བཤད་ལས་གསུངས་སོ། ། གློ་བུར་གྱི་འཁྲུལ་རྒྱུས་གནོད་པ་མེད་པའི་མཐོང་བ་བརྫུན་པའི་ངོར་བདེན་པ། མཚན་གཞི་ནི། དབང་པོ་དྲུག་སྐྱོན་དང་མི་ལྡན་པའི་ཤེས་པ་ཡུལ་དང་བཅས་པའོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། ། སོ་སྐྱེའི་བློ་ལ་ལྟོས་ནས་འཇོག་པ་ནི། གློ་བུར་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་གསལ་བ་ལྡན་པའི་ཤེས་པ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་མཐོང་བ་ཡང་དག་པའོ་ཞེས་དང་། སྐྱེ་འཕགས་གཉིས་ལ་ལྟོས་པའི་དབྱེ་བ་ནི། ཀུན་རྫོབ་བདེན་པ་དང། ཀུན་རྫོབ་ཙམ་གཉིས་ལས། དང་པོ་ནི་བདེན་འཛིན་ལྷན་སྐྱེས་ཀྱི་མ་རིག་པའི་ངོར་བདེན་པར་སྣང་བ་ཡིན་ལ་ཕྱི་མ་ནི་ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་རྣམས་ལ་བཅོས་མའི་རང་བཞིན་དུ་སྣང་བ་སྟེ། བདེན་པར་འཛིན་པར་རློམ་པ་མེད་པའི་ཕྱིར་རོ། །དེ་ཡང་གཞི་གཅིག་ཉིད་སྣང་ཚུལ་གྱི་སྒོ་ནས་སོ་སོར་ཕྱེ་བ་ཡིན་གྱི་ཡུལ་གྱི་ངོས་ནས་སོ་སོར་ཡོད་པ་ནི་མ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
|
ཡང་དག་ཀུན་རྫོབ་ (3)
| Part of speech
|
མིང་ཚིག
|
| Definition
|
རང་ཉིད་བདེན་མེད་དུ་ཚད་མས་མ་ངེས་པར། རང་ཉིད་སྣང་བ་ལྟར་དུ་མ་གྲུབ་པར་ཚད་མས་ངེས་མི་ནུས་པའི་ཀུན་རྫོབ་བདེན་པ། མཚན་གཞི་ནི། གཟུགས་སྒྲ་སོགས་དོན་ལྔ་ལྟ་བུ།
|
ཡང་དག་ཀུན་རྫོབ་ (4)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག ཡང་དག་ཀུན་རྫོབ་ནི། ཀུན་རྫོབ་ཀྱི་དབྱེ་བ་གཉིས་ལས་དང་པོ་སྟེ། འཁྲུལ་བ་དག་པའི་སྣང་བ་དག་པ་རབ་འབྱམས་སུ་འཆར་བ་ལ་བྱ་སྟེ། ཡིད་ཀྱི་མུན་སེལ་ལས། དང་པོ་ནི། འཁྲུལ་པ་དག་པའི་ཚེ་ཐམས་ཅད་དཀྱིལ་འཁོར་གྱི་རོལ་པར་སྣང་བ་ཡིན་ཏེ། (གསང་སྙིང་)འདི་ཉིད་ལས། ཡེ་ཤེས་ཉིད་ལ་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག ། ཅེས་དང་། ལམ་རིམ་ལས། ཡང་དག་ཉིད་དུ་གྲགས་སོ་ཅོག ། གཉིས་སྣང་ཉིད་ནས་གང་ཡིན་པ། །སེམས་ཉིད་ཡེ་ཤེས་སྒྱུ་མར་ཤར། །སྣང་བ་ངོ་བོ་ངེས་མེད་ཅིང་། །ཇི་ལྟར་བལྟས་པའི་སྣང་བ་དང་། །རང་བཞིན་ཐེར་ཟུག་རྟག་ཆད་བྲལ། །ཞེས་སོ། །ཞེས་གསུངས། རྒྱས་པར་ཀུན་རྫོབ་ཀྱི་སྐབས་སུ་གཟིགས།
|