70451

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་པའི་འཕྲག་དོག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་རང་གཞན་གྱི་དོན་དུ་དམན་པའི་ལྟ་སྤྱོད་སོགས་འདོར་ཞིང་བླང་དོར་གྱི་བོན་དང་གྲོགས་བཅས་སོ་སོར་འབྱེད་པའི་མཛད་སྤྱོད་འགའ་ལ་བརྗོད་པ་སྟེ། དེ་ཉིད་ལོག་པའི་འཕྲག་དོག་རང་མཚན་པ་མ་ཡིན་པས་ཡང་དག་ཅེས་བྱ་ལ། དེ་ལ་ཡང་ལོག་པའི་འཕྲག་དོག་དང་འདྲ་བའི་རྣམ་པ་ཕྱོགས་རེ་བ་ཙམ་ཡོད་པས་འཕྲག་དོག་ཅེས་བཏགས་པ་སྟེ། འགུ་ཡ་ལས། ཡང་དག་པ་ཡི་འཕྲག་དོག་ནི། ཐེག་པ་འོག་མའི་ལྟ་སྤྱོད་ནི། དམན་པ་ཉིད་དང་དམ་ཉམས་སོགས། འདིར་མི་ཚུད་པས་འཕྲག་དོག་དང། ཐབས་ལ་མཁས་པས་ཟིན་གྱུར་ན། དམ་ཚིག་མ་འདྲེས་ལས་སོགས་པ། འདི་རུ་མི་འཛུད་སྤོང་བར་བྱེད། འཕྲག་དོག་དམ་ཚིག་ཆེན་པོར་བསྲུང་། །ཞེས་དང། དེ་ཡང་སྤྱིར་ཐེག་པ་ཆེན་པོ་དང་སྒོས་སུ་ཐབས་ཆེན་གསང་སྔགས་ཀྱི་བོན་ལ་སྤྱོད་ཅིང་ཉམས་སུ་ལེན་ཙམ་ན། ཐེག་པ་དམན་པའི་ལྟ་སྤྱོད་དེ་ཞི་བདེ་རང་དོན་གཙོར་གཉེར་དང་། གཞན་ཡང་དམ་ཚིག་ཉམས་ཤིང་མི་བསྲུང་བ། ལོག་པར་ལྟ་བ་སྟེ་གསང་སྔགས་ཀྱི་བོན་ལ་སྐུར་འདེབས་བྱེད་པ། དམ་ཚིག་མི་གཅིག་པ་སྟེ་སློབ་དཔོན་གྱི་དབང་དམ་མི་གཅིག་པ། དེ་དག་བླང་བྱ་དང་གྲོགས་ཀྱི་ཁོངས་སུ་མི་འཛུད་པར་སོ་སོར་འབྱེད་ཅིང་འདོར་བར་བྱེད་པའི་ཐབས་ཤེས་ལ་སྤྱོད་ཅིང་དེ་དག་ལས་མི་འདའ་བ་བསྲུང་བར་བྱེད་པ་རྣམས་སོ། ། འོན་ཏེ། དེ་དག་ལ་འཕྲག་དོག་ཅེས་འདོགས་པའི་ཚུལ་ནི། ལོག་པའི་འཕྲག་དོག་དང་རྣམ་པའམ་ཁྱད་པར་ཕྱོགས་རེ་ཙམ་ལ་འདྲ་བས་བཏགས་པ་སྟེ། གཞན་གྱི་བཟང་ཆའམ་ཁྱད་པར་འདོར་ཏེ་དང་ལེན་མི་བྱེད་ཀྱི་རྣམ་པའི་ཕྱོགས་ཙམ་ལ་འདྲ་བ་ཡོད་པ་དེ་ཉིད་རྒྱུ་མཚན་དུ་བྱས་ཏེ་བཏགས་པ་ཡིན་པ་རིག་པར་བྱའོ། །
Domain ཆོས་ལུགས།