70526
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། སྤྱིར་ན་དགེ་བ་སྐྱེས་པ་སྤེལ་བ་སོགས་ཡོད་ཀྱང་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བར་བྱེད་པས་ཡང་དག་སྤོང་བ་ཞེས་ཕྱོགས་གཅིག་གི་སྒོ་ནས་བཤད་པའི་ཕྱིར། དམིགས་པ་དང་ངོ་བོ་སོགས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམིགས་པ་ཡོད་དེ། མི་དགེ་བ་སྐྱེས་པ་སྤོང་བ། མ་སྐྱེས་པ་མི་སྐྱེད་པ། དགེ་བ་སྐྱེས་པ་སྤེལ་བ། མ་སྐྱེས་པ་སྐྱེད་པ་དང་བཞི་ཡོད་པའི་ཕྱིར། ངོ་བོ་ཡོད་དེ། སྤང་གཉེན་ལ་བླང་དོར་བྱེད་པར་སྤྲོ་བའི་བརྩོན་འགྲུས་སུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་ཞིག་ལ་འཇོག་པའི་ཕྱིར། གྲོགས་ཡོད་དེ། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཡིན་པའི་ཕྱིར། སྒོམ་ཚུལ་ཡོད་དེ། ཀུན་བྱང་གི་ཆོས་ལ་བླང་དོར་བྱེད་པ་ལ་དང་པོར་འདུན་པའི་འདུན་པ་བསྐྱེད་ནས་སྒོམ་པ་སྒོམ་ཚུལ་དང་པོ་དང། དེར་འདུན་པ་ལ་འབད་པ་གཉིས་པ་དང། འབད་པའི་སྒོ་ནས་བརྩོན་འགྲུས་རྩོམ་པ་གསུམ་པ་དང། བརྩོན་འགྲུས་བརྩམས་པས་བྱིང་བའི་དབང་གིས་དམིགས་པ་མི་གསལ་ན་དང་བར་འགྱུར་བའི་ཡིད་བྱེད་ཀྱིས་སེམས་གཟེངས་བསྟོད་ནས་སྒོམ་པ་བཞི་པ་དང། རྒོད་པའི་དབང་གིས་གཡེང་བར་གྱུར་ན་སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས་སེམས་རབ་ཏུ་འཇོག་པར་བྱེད་པ་སྒོམ་ཚུལ་ལྔ་པ་ཡིན་པའི་ཕྱིར་ཏེ། མདོ་ལས། མི་དགེ་བ་སྐྱེས་པ་སྤོང་བ་དང། མ་སྐྱེས་པ་མི་སྐྱེད་པ། དགེ་བ་སྐྱེས་པ་སྤེལ་བ། མ་སྐྱེས་པ་སྐྱེད་ཕྱིར་དུ་འདུན་པ་བསྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། རབ་ཏུ་འཇོག ། ཞེས་དང། ཀུན་བཏུས་ལས་ཀྱང། སྒོམ་པ་ནི་འདུན་པ་བསྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། རབ་ཏུ་འཇོག་པ་ནི་བརྩོན་འགྲུས་སྒོམ་པ་གནས་དང་བཅས་པའོ། །ཞེས་གསུངས། བསྒོམས་པའི་དགོས་པ་ཡོད་དེ། མི་དགེ་བ་སྐྱེས་པ་སྤོང་བ་སོགས་བཞིའི་དགོས་པ་ཡོད་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཡང་དག་སྤོང་བ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད། དགེ་སྡིག་གི་བླང་དོར་ཚུལ་བཞིན་བྱེད་པའི་རིགས་སུ་གནས་པའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ་གང་ཞིག ཚོགས་ལམ་འབྲིང་པོ་ཡན་གྱིས་བསྡུས་པ། དབྱེ་ན། མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བའི། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པར་ཡང་དག་པར་སྤོང་བའི། དགེ་བ་སྐྱེས་པ་ཡང་དག་པར་སྤེལ་བའི། དགེ་བ་མ་སྐྱེས་པ་སྐྱེད་པའི་ཡང་དག་སྤོང་བ་དང་བཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཚོགས་ལམ་འབྲིང་གི་ཡང་དག་པར་སྤོང་བ་བཞི་ནི། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། དགེ་སྡིག་གི་བླང་དོར་ལ་འཇུག་པའི་ཚོགས་ལམ་འབྲིང་གི་མངོན་རྟོགས་ཡིན་པའི་ཕྱིར། ཆོས་ཅན་བཤད་པ་ལ་དམིགས་པ་ནི་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དང་། དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ ། དེ་ནི་བླང་དོར་བྱེད་པའི་རྒྱུའི་བརྩོན་འགྲུས་སོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །བསྒོམ་ཚུལ་ནི་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པ་དང་། དགེ་བ་སྐྱེས་པ་ཡང་དག་པར་སྤེལ་བ་དང་། མ་སྐྱེས་པ་བསྐྱེད་པ་དང་། བཞི་ལ། འདུན་པ་བསྐྱེད་པ་དང་། འབད་པ་དང་། བརྩོན་འགྲུས་རྩོམ་པ་དང་སེམས་རབ་ཏུ་འཛིན་པ་དང་། རབ་ཏུ་འཇོག་པའི་ཚུལ་གྱིས་སྒོམ་མོ། །འབྲས་བུ་ནི་དང་པོ་གཉིས་ཀྱིས་མི་མཐུན་ཕྱོགས་ཉམས་པར་བྱེད་དེ། མི་དགེ་བ་སྐྱེས་པ་ཉམས་པ་དང་། མ་སྐྱེས་པ་མངོན་དུ་མི་བྱེད་པའི་ཕྱིར་རོ། །གསུམ་པས་ནི་གཉེན་པོ་འཕེལ་བར་བྱེད་ལ། བཞི་པས་ནི་ཐོབ་པར་བྱེད་དེ། རིམ་པ་ལྟར་། དགེ་བ་སྐྱེས་པ་འཕེལ་བ་དང་། མ་སྐྱེས་པ་བསྐྱེད་པའི་ཕྱིར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། སྤང་གཉེན་བླང་དོར་བྱེད་པའི་བརྩོན་འགྲུས་དེ། ཡང་དག་སྤོང་བའི་མཚན་ཉིད། དབྱེ་ན། མི་དགེ་བ་སྐྱེས་པ་སྤོང་བའི་དང། མ་སྐྱེས་པ་མི་བསྐྱེད་པའི་དང། དགེ་བ་སྐྱེས་པ་སྤེལ་བར་བྱེད་པའི་དང། མ་སྐྱེས་པ་བསྐྱེད་པར་བྱེད་པའི་ཡང་དག་སྤོང་བ་དང་བཞི། དེ་དག་གི་མཚན་ཉིད་རིམ་པ་བཞིན་དུ། ཀུན་ནས་ཉོན་མོངས་པ་སྐྱེས་པ་སྤོང་བའི་ཕྱིར་དུ་འདུན་པ་བསྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། སེམས་རབ་ཏུ་འཇོག་པར་བྱེད་པའི་བརྩོན་འགྲུས་གནས་དང་བཅས་པའོ། །དེ་ལ་འདུན་པ་ནི། བརྩོན་འགྲུས་ཀྱི་གནས་སོ། །འབད་པ་ནི། ཞི་གནས་དང་། རབ་ཏུ་འཛིན་པ་དང། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་དེ་བརྩོན་འགྲུས་བརྩོམ་པའི་དུས་དངོས་སོ། །བརྩོན་འགྲུས་བརྩོམ་པ་ནི། བྱིང་རྒོད་སེལ་བའི་དོན་དུ་བརྩོན་འགྲུས་བརྩོམ་པ་དེ། དེས་སྤྱིར་བསྟན་ནས་ཇི་ལྟར་དུ་རྩོམ་ཞེ་ན། བྱིང་བ་ན་སྐུ་གཟུགས་སོགས་ལ་སེམས་རབ་ཏུ་འཛིན་པ་དང། རྒོད་པ་ན་སེམས་ནང་དུ་རབ་ཏུ་འཇོག་པའོ། །ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་འབྲིང་ནས་སངས་རྒྱས་ཀྱི་སའི་བར་དུའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
{{#arraymap:ཡང་དག་སྤོང་བ་བཞི་
|; |@@@ | | }}