70644
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དེའི་གོ་དོན་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཡན་ལག་གི་བརྩི་བ་རྣམ་པར་བཞག་ཏུ་ཡོད་དེ། འདིར་འགྱུར་གྱི་ཡན་ལག་དང། ཁ་སྐོང་ངམ་ངེས་བཟུང་གི་ཡན་ལག་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་སོགས་བཤད་པ་ལྟ་བུ་ཡིན་པར་འཆད་པར་འགྱུར་བའི་ཕྱིར། གཉིས་པ་འཆད་པ་ལ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་སོགས་ཀྱི་གཞུང་རྣམས་གསུངས། དེ་ཡང་སྡོམ་གྱིས་བསྡུས་པའི་ལྟུང་བ་སྡེ་ལྔ་དངོས་སུ་བསྐྱེད་པའི་རྟེན་ལ་བསྙེན་རྫོགས་ཀྱི་སྡོམ་པ་མ་ཉམས་ཤིང་ཆགས་པ་ཞིག་དགོས་ཏེ། ཉམས་པ་ལ་ཉེས་བྱས་ལས་ལྷག་པ་མི་བསྐྱེད། བླངས་ཤིང་མ་ཆགས་པ་ལའང་ཉེས་བྱས་ཙམ་ཞིག་འབྱུང་བའི་ཕྱིར། ཉམས་པས་ལྟུང་བ་ལ་སྦྱོར་ཚུལ་བཤད་དུ་ཡོད་དེ། གང་ཉམས་པ། གང་ལས་ཉམས་པ། གང་གི་སྟོབས་ཀྱིས་ཉམས་པ། ཚུལ་ཇི་ལྟར་དུ་ཉམས་པ། ཅིར་འགྱུར་བ། དགག་སྒྲུབ་ཀྱི་དོན་ལ་དཔྱད་པ། ཤེས་བྱེད་ཀྱི་ལུང་དང་སྦྱར་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྩ་ལྟུང་ལ་ཀུན་ཏུ་སྤྱོད་པའི་དགེ་སློང་དེ་ཉམས་པའི་ཕྱིར། གཉིས་པ་ཡོད་དེ། དགོས་པ་སྒྲུབ་ནུས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ལས་ཉམས་པའི་ཕྱིར། གསུམ་པ་ཡོད་དེ། ཕམ་པ་འཆབ་བཅས་དེའི་སྟོབས་ཀྱིས་ཉམས་པའི་ཕྱིར། བཞི་པ་ཚུལ་ཇི་ལྟར་དུ་ཉམས་པ་ལ། མདོ་སྡེ་པ་ན་རེ། འཆབ་སེམས་ཕམ་པའི་ཡན་ལག་ཏུ་ངེས་པར་དགོས་པ་དང་། ཕམ་པ་བྱུང་ན་སྡོམ་པ་ཀུན་གཏོང་བ་དང་། སྡོམ་པ་སླར་བླངས་ཀྱང་མི་སྐྱེ་བ་དང་། ལྟུང་བ་ཕྱིར་བཅོས་ཀྱང་མི་འདག་པའི་ཚུལ་གྱིས་ཉམས་པ་ཡིན་ཏེ། དགེ་སློང་དགའ་བྱེད་ལ་འཆབ་སེམས་མ་སྐྱེད་པས་ཕམ་པ་མ་བྱུང་བར་འཇོག་པའི་ཕྱིར་དང་། ལུང་གཞི་ལས། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་། འཕེལ་ཞིང་རྒྱས་པ་དང་། ཡངས་པར་མི་འགྱུར་ཞེས་སོགས་གསུངས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཕྲན་ཚེགས་ལས། དགེ་སློང་དགའ་བྱེད་ཀྱིས་སྤྱད་པར་བྱ་བ་མ་ཡིན་པས་སྤྱད་ཀྱང་སེམས་གཅིག་གིས་ཀྱང་མ་བཅབས་པས་ཕམ་པར་མི་འགྱུར་གྱི། འདི་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་བྱིན་པར་བྱའོ། །ཞེས་གསུངས་པའི་ཕྱིར། དགེ་སློང་དགའ་བྱེད་ལ་བསླབ་པ་བྱིན་པ་ལ་དགོས་པ་ཡོད་དེ། ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་ལྕི་བ་ཞིག་བྱུང་བས་དེ་དག་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར་ཞེས་ཟེར། དེ་དགག་པ་ནི། འཆབ་སེམས་ཕམ་པའི་ཡན་ལག་ཏུ་ངེས་པར་དགོས་པ་དེ་མི་འཐད་པར་ཐལ། ལུང་མ་མོ་ལས། ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། གང་མི་ཚངས་པར་སྤྱོད་པ་སྤྱད་དེ་ཐ་ན་སེ་གོལ་གཏོགས་པ་ཙམ་ལ་ཡང་འཆབ་པའི་སེམས་མི་བསྐྱེད་པ་ཡིན་ཏེ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས། དགེ་སློང་མ་སྐྱོང་མས་ཆོམ་རྐུན་པ་དྲུག་ཅུ་འཆི་བར་བྱས་པ་ལ་འཆབ་སེམས་མེད་ཀྱང་ཕམ་པར་འགྱུར་བར་གསུངས་པའི་ཕྱིར། ཕམ་པས་སྡོམ་པ་གཏོང་བར་འདོད་པ་ནི་འོག་ཏུ་འགོག་གོ ། |
| Domain | ཆོས་ལུགས། |