710

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་བསྟན་སྐྱོང་དབང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་མེ་རྟ་ ༡༦༠༦ ལོར་གཙང་སྟོད་སེང་གེ་ལུང་མཆོད་རྟེན་རྒྱལ་པོ་སྐྱེས་ཞེས་བྱ་བར་གཙང་པ་རྒྱལ་པོ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་སུ་འཁྲུངས། རང་ལོ་བཅུ་བཞི་པ་ལྕགས་སྤྲེལ་ ༡༦༢༠ ལོར་ཡབ་ཕུན་ཚོགས་རྣམ་རྒྱལ་འབྲུམ་ནད་ཀྱིས་འདས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ ༡༦༤༢ ལོའི་ལོ་འགོ་བར་ལོ་ཉི་ཤུ་ལྷག་ཙམ་རིང་སྲིད་བཟུང༌། མིང་ཙམ་ལས་དོན་དངོས་ཀྱི་དབང་ཆ་ནི་མགྲོན་གཉེར་བོང་གོང་བ་དང༌། ཕྱི་བློན་སྒང་ཆེན་པ། ཟུག་པོ་བ་བཅས་ཀྱིས་བཟུང་ཡོད། ལྕགས་བྱ་ ༡༦༢༡ ལོར་དགའ་ལྡན་ཕོ་བྲང་པའི་རྒྱབ་སྐྱོར་དུ་སོག་པོ་ལྷ་བཙུན་ཆུང་བ་བློ་བཟང་བསྟན་འཛིན་དང༌། གུ་རུ་ཧོང་ཐའི་ཇི་གཉིས་ཀྱིས་བོད་དུ་བཏང་བའི་སོག་པོའི་རྟ་དམག་ཉིས་སྟོང་དང་། དབུས་དམག་མཉམ་འབྲེལ་དམག་དཔུང་གིས་གཙང་པ་རྒྱལ་པོའི་དམག་དཔུང་ལ་རྒོལ་ལན་སློག གཙང་པ་རྒྱལ་པོའི་དཔུང་ལ་ཕམ་ཉེས་བྱུང་རྗེས་ལྕགས་བྱ་ལོའི་ཆིངས་ཡིག་བཞག ལྕགས་བྱ་ལོའི་དམག་འཁྲུག་ཕམ་ཉེས་བྱུང་བ་སྡུག་ཁུར་མ་ཐུབ་པར་སླར་ཡང་དགེ་ལུགས་ཕྱོགས་ལ་དམག་རྒྱག་གི་གོ་སྐབས་བསྒུག་ནས་ཡོད་མུར། སོག་པོ་ཆ་ཧར་ལེན་དན་རྒྱལ་པོ་དང༌། བར་ཁམས་ཀྱི་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གཉིས་དང་མནའ་འབྲེལ་བཙུགས། ཕྱོགས་གསུམ་མཉམ་འབྲེལ་གྱིས་དགེ་ལུགས་པ་གཏོར་རྒྱུའི་ཁ་དན་བྱས། ཤིང་ཕག་ ༡༦༣༥ ལོ་ནས་ཆ་ཧར་ལེན་དན་གྱི་དམག་དཔུང་གཙང་པར་རྒྱབ་སྐྱོར་བྱེད་པར་བཏང་། བོད་དུ་སླེབས་རྗེས་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གཙང་སོག་གཉིས་ནང་འཁྲུགས་བྱུང་ཏེ་སོག་དམག་ཕྱིར་འཐེན་བྱས། སོག་པོའི་དཔོན་ནང་མ་མཐུན་པར་ཆ་ཧར་གྱི་བུ་བསད་པ་སོགས་རྒྱབ་སྐྱོར་ཡོང་བའི་རེ་བ་མེད་པར་གྱུར། ས་སྟག་ ༡༦༣༨ ལོར་བཀྲ་ཤིས་ལྷུན་པོའི་ཁ་གནོན་དུ་དམིགས་ཏེ་དགོན་པའི་འཁྲིས་སུ་ཆོས་སྡེ་ཆེན་པོ་གསར་བརྒྱབ་བྱས། མིང་ལ་བཀྲ་ཤིས་ཟིལ་གནོན་བཏགས། སེ་འབྲས་གཉིས་ཀྱི་ཁ་གནོན་དུ་དམིགས་ཏེ་ཤུན་གདོང་དཀར་རྫོང་བརྩིགས་པ་སོགས་ཀྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ ༡༦༤༠ ལོར་གུ་ཤྲི་ཧན་གྱིས་བར་ཁམས་སུ་དམག་དྲངས་ཏེ། གཙང་པ་རྒྱལ་པོའི་རྒྱབ་དཔུང་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་ཕམ་ཉེས་སུ་བཏང་། གུ་ཤྲཱི་ཧན་གྱིས་དཔུང་ཆེན་བོད་དུ་ཁྲིད་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ལོར་གཙང་པ་སྡེ་སྲིད་རྩ་མེད་དུ་བཏང་། རྒྱལ་པོ་འདིའི་དུས་སུ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ཏུ་གྲགས་པ་གཏན་འབེབས་བྱས། དབུས་གཙང་ཡོངས་ལ་རྒྱ་ཁྱབ་ཏུ་སྤྱོད་པའི་གཏན་ཚིགས་མཁར་རུ་ཞེས་པ་ཡང་རྒྱལ་པོ་འདིའི་དུས་སུ་གསར་གཏོད་བྱས་པའི་ཤོད་སྲོལ་ཡོད།

{{#arraymap:ཀརྨ་བསྟན་སྐྱོང་དབང་པོ་

|; |@@@ | | }}