715
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་ ༡༥༠༧ ལོར་ཆབ་མདོའི་ངོམ་ཆུའི་རྒྱུད་གཡས་ལུང་དུ་ཡབ་ཨ་བྱམས་དང་། ཡུམ་བླ་མ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་དང་། རི་བོ་ཆེའི་མི་སྣ་ལྷོ་རོང་གི་གོ་ཤྲཱི་སོགས་ནས་ཀརྨ་པ་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་བཟུང་། སྐབས་དེར་ཡང་སྲིད་སྐོར་ལ་འཐེན་རྩོད་བྱུང་། བདུན་པར་ཕེབས་པ་ཆུ་བྱ་ ༡༥༡༣ ལོར་རྒྱལ་ཚབ་བཀྲ་ཤིས་དཔལ་འབྱོར་གྱི་དགོངས་པ་ལྟར་ཁམས་ཕྱོགས་སུ་འཁྲུངས་པའི་ཆུང་སྲིད་རིན་པོ་ཆེ་ཁྲིར་བཀོད། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་ལས་ཐེག་ཆེན་སོ་ཐར་གྱི་སྡོམ་པ་བཞེས། ཆོས་ཀྱི་གྲགས་པ་དཔལ་བཟང་པོ་ཞེས་མཚན་གསོལ། ཡི་གེའི་འབྲི་ཀློག་བསླབས། བརྒྱད་པར་ཟུར་མང་དུ་བྱོན། ཀརྨ་པ་གནས་ནང་དུ་ཕེབས། དགུ་པར་འཇང་ཡུལ་དུ་ཞབས་ཀྱི་བཅགས། ས་ཐམ་རྒྱལ་པོས་བོད་ལ་ལོ་བཅུ་གསུམ་བར་དམག་ཁྲལ་དང་བཙུན་ཁྲལ་ལོ་ལྟར་ལྔ་བརྒྱ་རེ་ཕུལ། དགོན་པ་བརྒྱ་འདེབས་པར་ཁས་བླངས། བཅུ་པར་འདན་མ་གྲུབ་ཆེན་སངས་རྒྱས་གཉན་རས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། འདན་ཁོག་བྱང་ཆུབ་གླིང་དུ་བྱོན་ཏེ། ལོ་གསུམ་བཞུགས་ནས་དབང་ལུང་ཁྲིད་གསུམ་གསན། ཉེར་གཅིག་པ་མེ་ཕག་ ༡༥༢༧ ལོར་ཚོགས་དགེ་འདུན་སྒང་པའི་མཁན་པོ་ཆོས་གྲུབ་སེང་གེས་མཁན་པོ་དང༌། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་གྱིས་ལས་སློབ། སྒམ་པོའི་མཁན་པོ་ཤཱཀྱ་བཟང་པོས་གསང་སྟོན། བླ་མ་བཀྲ་ཤིས་བཟང་པོས་གྲིབ་ཚོད་པ་བཅས་མཛད་དེ་བསྙེན་པར་རྫོགས། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ལས་སྒྲ་དང་སུམ་རྟགས་སོགས་གསན། དགུང་ལོ་སོ་གཅིག་པར་མཚུར་ཕུར་ཕེབས། དུས་དེར་དབུས་གཙང་གི་བར་ཆིངས་མཛད། སྐུ་ཚེའི་མཇུག་ཏུ་ཙ་རིང་གནས་སྐོར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། ཞེ་བརྒྱད་པ་རབ་བྱུང་དགུ་པའི་ཤིང་སྟག་ཕྱི་ལོ ༡༥༥༤ ལོར་ལྷོ་ཁ་ཡར་ཀླུང་དུ་སྐུ་གཤེགས། ཀརྨ་ཞྭ་ནག་པའི་སྐུ་འཕྲེང་བརྒྱད་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་དཀོན་མཆོག་ཡན་ལག དཔའ་བོ་གཙུག་ལག་ཕྲེང་བ། རྒྱལ་ཚབ་གྲགས་པ་དཔལ་འབྱོར། ཟུར་མཁར་བློ་གྲོས་རྒྱལ་པོ། ལྷ་མཐོང་ལོ་ཙཱ་བ་སོགས་ཡིན། གསུང་རྩོམ་ནི་རང་གཞན་གྱི་མྱོང་བ་བརྗོད་པའི་གཏམ་དང་། བླ་བ་བསྟེན་ཚུལ། རྒྱལ་བ་འབྲི་གུང་པ་ཁུ་དབོན་གསུམ་གྱི་རྣམ་ཐར། ཀ་ལཱ་པའི་གཞུང་གི་དོན་འགྲེལ། སུམ་ཅུ་པའི་འགྲེལ་བ་ལེགས་བཤད་ཉིང་ཁུ་མཁས་པའི་དགའ་སྟོན། རྟགས་འཇུག་གི་འགྲེལ་པ་ཚིག་དོན་སྣང་བར་བྱེད་པ་བཅས་པོད་ཉེར་བརྒྱད་ཡོད་སྐད་ཀྱང་ད་ལྟ་བྲིས་མ་པོད་བཅུ་གསུམ་ཡོད་པར་བཤད། མཚན་གཞན། ཆོས་ཀྱི་གྲགས་པ་དཔལ་བཟང་པོ། |