71854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་ཁ་སྟེ་མུ་ཡ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔ་ལས་ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་བྱང་ཤར་རིན་ཆེན་མཛེས་པའི་བྱང་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཤེལ་གྱི་ཟེ་པྲོག སྐུ་ལ་རིན་ཆེན་ན་བཟའ་ལ་འོད་ཟེར་འབུམ་ཕྲག་ཕྱོགས་བཅུར་འཕྲོ་བ། གཡས་པས་སྤྲུལ་པའི་འཁོར་ལོ་དང་གཡོན་པས་ལྕགས་ཀྱི་སྤར་ཤད་བསྣམས་སོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་གསུང་གི་བྱེ་བྲག་སྤྲོས་ཏེ་སྙན་པའི་སྒྲ་ལས་འགྲོ་བ་ཐར་ལམ་འདྲེན་པར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་ཡ། ཞེས་པའམ་ཡ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཡ་ནི་ལྷ་འདི་ཉིད་མཚོན་པ་བཅས་སོ། ། ས་བོན་ཡིག་འབྲུའི་གནས་ཡུལ་ནི། ཏིང་མུར་ཞེས་པ་ཞང་སྐད་དེ་རྣའམ་རྣ་རྩ་ལ་གནས་སོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཀུན་གསན་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་སྒྲ་རུ་འཁྲུལ་ལ། གྲོལ་ན་ཀུན་སྙོམས་ཞི་དལ་དང་བཀྲ་ཤིས་བདེ་ལྡན་མ་དང་གཉིས་མེད་དུ་འགྱུར་ལ། མ་གྲོལ་ན་གདོས་པའི་རྣ་རུ་ཤར་བར་གསུངས་སོ། ། འདི་ལ་གཞུང་རྣམས་སུ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་དང་ལྷ་སྐུ་ས་བོན་གྱི་བསྐྱེད་གནས་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི། གཏེར་འཛིན་ལྷ་མོ་རུ་གསུངས་ལ། གསང་འདུས་དོན་རྒྱུད་དང་། ཐོས་གྲོལ་གཉིས་མཐུན་པར། སྒྲ་ཡི་ལྷ་མོ་རུ་བཞེད་དོ། །དེ་དག་གི་ལྷ་སྐུ་ཡིག་འབྲུའི་བསྐྱེད་གནས་ལ་ཡང་། གསང་འདུས་དོན་རྒྱུད་དང་ཐོས་གྲོལ་གཉིས་མཐུན་པར། ཏིང་མུར་སྡོམ་ཞེས་པ་ཞང་བོད་ཀྱི་སྐད་འདྲེས་མ་སྟེ་རྣའམ་རྣ་རྩ་ལ་གནས་སོ། །
Domain ཆོས་ལུགས།