71855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་ཁྲི་རྨང་རྒྱལ་བ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འབྱུང་བའི་གཤེན་བཞིའི་ཁོངས་སུ་ཡིན་ལ། མཚན་གཞན་ལ་ཡང་གཞུང་ལ་ལར་མང་གཤེན་རྒྱལ་བའམ་ཁྲི་རྨང་གཤེན་ཆེན་ཞེས་གསལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་བྱང་ནུབ་རིན་ཆེན་བདལ་པའི་གསས་མཁར་གྱི་དབུས་ཕྱོགས་ལ། གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཟངས་ཀྱི་ཟེ་པྲོག་ལ་མེ་དར་དམར་པོའི་ཅོ་པན་ཅན། སྐུ་ལ་ལེ་བརྒན་ན་བཟའ་གསོལ་ལ། གཡས་པས་མེ་ཡི་འཁོར་ལོ་བསྐོར་བ། གཡོན་པས་བྱི་རུའི་སྤོས་བསྣམས་སོ། །ཕྲིན་ལས་ནི། མེ་ལ་མངའ་བསྙེམས་པས་སྟོང་གསུམ་སྨིན་ཅིང་དྲོད་འབེབས་པར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་ཧཱུྃ། ཞེས་པའམ་ཧཱུྃ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཧཱུྃ་ནི་ལྷ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཀུན་ཚོར་ཡེ་ཤེས་དབྱིངས་སུ་དག་ལ། མ་རྟོགས་ན་སྒྱུ་མའི་དྲི་རུ་འཁྲུལ་ལོ། །གྲོལ་ན་འོད་མ་(ཨ་༢༠༢རིང་གསས་)རང་གསལ་དང་ངད་ལྡན་ལྷ་མོ་དང་གཉིས་སུ་མེད་པར་འགྱུར་ལ་མ་གྲོལ་ན་སྒྱུ་མའི་སྣ་རུ་འཁྲུལ་ཞིང་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། འདི་ལ་གཞུང་རྣམས་སུ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་དང་དེ་དག་ལུས་ཀྱི་རྩ་གནས་བསྐྱེད་ཚུལ་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི། དགུན་གྱི་རྒྱལ་མོ་རུ་གསུངས་ལ། གསང་འདུས་ལྟར་ན། སྤོས་ཀྱི་ལྷ་མོ་ཡིན་ལ། ཐོས་གྲོལ་ལྟར་ན། ཡིད་ཀྱི་ལྷ་མོ་རུ་བཞེད་དོ། །
Domain ཆོས་ལུགས།