71856
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔ་ལས་ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་བྱང་ནུབ་རིན་ཆེན་བདལ་པའི་ལྷོ་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་གཡུ་ཡི་ཐོར་གཙུག་ཅན། སྐུ་ལ་འོད་ཀྱི་ན་བཟའ་ལ་མི་འགྱུར་གཡུང་དྲུང་ཡོངས་སུ་བཀོད་པ། གཡས་པས་གཡུང་དྲུང་རྒྱ་གྲམ་དང་གཡོན་པས་ཐུགས་རྗེའི་ལྕགས་ཀྱུ་བསྣམས་སོ། །ཕྲིན་ལས་ནི། ཐུགས་རྗེ་ཐབས་མཁས་ཀྱིས་བོན་ཉིད་མི་འགྱུར་གྱི་དོན་ལ་དགོངས་པར་བཞག་སྟེ་འགྲོ་བ་ཐར་ལམ་འདྲེན་པར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་ཧོ། ཞེས་པའམ་ཧོ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཧོ་ནི་ལྷ་འདི་ཉིད་མཚོན་པ་བཅས་སོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཀུན་སྙོམས་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་བློ་རུ་འཁྲུལ་ལ། གྲོལ་ན་གསལ་བ་འོད་དང་རིན་ཆེན་གཏེར་འཛིན་མ་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་འཁྲུལ་སྣང་བློ་རུ་ཤར་བར་གསུངས་སོ། །དེ་ཡང་གྲོལ་འཁྲུལ་གྱི་འགྱུར་ཚུལ་དེ་ནི་གསང་འདུས་དོན་རྒྱུད་ལྟར་ལྷ་ཡབ་ཡུམ་སྦྱར་ཚུལ་གཞིར་བྱས་སོ། ། འདི་ལ་གཞུང་རྣམས་སུ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་དང་དེའི་སྐུ་དང་ས་བོན་གྱི་བསྐྱེད་གནས་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི། ལྷ་མོ་ཐུགས་རྗེ་ལྕགས་ཀྱུ་མ་རུ་གསུངས་ལ། གསང་འདུས་ལྟར་ན། ཐུགས་ཀྱི་ལྷ་མོ། ཐོས་གྲོལ་ལྟར་ན། དྲི་ཡི་ལྷ་མོ་ཡིན་པར་གསུངས་སོ། །ས་བོན་ཡིག་འབྲུ་དང་ལྷ་སོགས་ཀྱི་བསྐྱེད་གནས་ལ་ཡང། གསང་འདུས་ལྟར་ན། དྭངས་བསྐྱེད་ཅེས་པ་རྩ་གཡས་དཀར་ལ་གནས་པར་གསུངས་ལ། ཐོས་གྲོལ་ལྟར་ན། སྣ་རྩ་ལིག་ཞི་ཞེས་པས་སྣ་རྩ་ལ་གནས་པར་གསུངས་སོ། ། |
| Domain | ཆོས་ལུགས། |